ཐིམ་ཕུག་ཁྲོམ་སྡེའི་ མི་ཕུད་རྡོག་གཅིག་ར་ ཕྱི་ཁར་མི་གཏང་ནི།

གཞུང་གིས་ ཁྱབ་བསྒྲགས་མ་འབད་ཚུན་ ཐིམ་ཕུག་ཁྲོམ་སྡེ་ནང་སྡོད་མི་ ཕུད་རྡོག་གཅིག་ར་ རྫོང་ཁག་གཞན་ཁར་ འགྲོ་འགྲུལ་འབད་མི་ཆོག་ཟེར་ཨིན་པས།

དེ་ཡང་ ཁ་ཙ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ རྒྱང་མཐོང་ནང་ ཐིམ་ཕུག་ལུ་ འགྲོ་འགྲུལ་བཀག་དམ་འབད་ཡོད་པའི་སྐོར་ དུས་མཐུན་སྙན་ཞུ་ཕུལ་བའི་སྐབས་གསུངས་ཡི།

བློན་ཆེན་གྱིས་ སྟབས་མ་བདེཝ་ ག་ཅི་ཐོན་རུང་ ད་རེས་ ཉིནམ་༣ དེ་ཅིག་ ཐིམ་ཕུག་ལས་ མི་ཕར་ཚུར་ ཕུད་རྡོག་གཅིག་ཡང་ མི་གཏང་ཟེར་ གསུངས་པའི་ཁར་ ཐིམ་ཕུག་ལུ་འོང་མི་ རྫོང་ཁག་གཞན་ཁའི་མི་ཚུ་ ད་ལྟོ་ བཀག་དམ་མ་འབད་བར་ ཡོད་ཟེར་གསུངས་ཡི།

བློན་ཆེན་གྱིས་འབད་བ་ཅིན་ འདས་པའི་ཉིནམ་ཚུ་ནང་ ཐིམ་ཕུག་ལས་ རྫོང་ཁག་ཕྱི་ཁར་སོང་མི་ཚུ་ ལོག་འོང་ནི་ལུ་ གོ་སྐབས་བྱིན་དོ་ཟེར་ཨིནམ་ད་ ཐིམ་ཕུག་གི་ འགྲུལ་སྐྱོད་བཀག་དམ་དེ་ བྱང་དཀར་སྦིས་ལས་ ལྷོ་ཁ་ཐུག་གི་ས་གནས་ སྡེཔ་སྲིད་ཚུན་ ཚུདཔ་ཨིན་པས།

རྒྱལ་ཡོངས་ལུ་ འགྲུལ་བསྐྱོད་བཀག་དམ་འབད་དགོ་པའི་ གནད་དོན་མ་མཐོང་རུང་ ཐིམ་ཕུག་གི་ མི་སྡེ་ནང་ ཀོ་བིཌ་-༡༩ ཐོན་ཡོདཔ་ལས་ ཐབས་ར་མེད་པར་ འགྲོ་འགྲུལ་བཀག་དམ་ འབད་དགོཔ་བྱུང་ཡི་ཟེར་ བློན་ཆེན་གྱིས་ གསུངས་ཡི།

ཐིམ་ཕུག་ཁྲོམ་ནང་ སྡོད་མི་ཚུ་ ཚ་གྱང་ལང་དགོཔ་མེད་མི་དེ་ཡང་ ཧེ་མའི་ འགྲུལ་སྐྱོད་བཀག་དམ་ལུ་བརྟེན་ ཉམས་མྱོང་ཐོབ་མི་དང་བསྟུན་ མི་ཚུ་གིས་ གསོ་བ་ལྷན་ཁག་གི་ འགོ་དཔོན་ཚུ་ལུ་ ལཱ་ལེགས་ཤོམ་སྦེ་ འབད་བཅུག་པ་ཅིན་ ཁོང་གིས་ ཉིནམ་༣ གྱི་ ནང་འཁོད་ལུ་ བརྟག་དཔྱད་ཚུ་ འབད་ཚར་འོང་ཟེར་ཨིན་པས།

བརྟག་དཔྱད་འབད་ཚར་ཞིནམ་ལས་ ཉེན་ཁ་ཆེ་དྲགས་དང་ ཡངས་སུ་ག་ཏེ་ཡོད་ག་ ཁྱབ་བསྒྲགས་འབད་ནི་ཨིནམ་ད་ ཧེ་མ་ལས་ བགོ་བཀྲམ་འབད་ཡོད་མི་ ས་ཁོངས་ངོས་འཛིན་གྱི་ ཤོག་བྱང་འབག་ཐོག་ལས་ བཟའ་འཐུང་གི་རིགས་ཚུ་ ཉོ་ཚོང་རྐྱབ་ནིའི་ གོ་སྐབས་འཐོབ་ཟེར་ བློན་ཆེན་གྱིས་གསུངས་ཡི།

གལ་སྲིད་ བརྟག་དཔྱད་ཀྱི་ གྲུབ་འབྲས་ཚུ་ ཐོན་པའི་ཤུལ་ལས་ ཐིམ་ཕུག་ལུ་ འགྲུལ་སྐྱོད་བཀག་དམ་ ག་དེམ་ཅིག་ བཞག་ནི་ཨིན་ན་དང་ རྫོང་ཁག་ནང་ འགྲུལ་སྐྱོད་འབད་དགོཔ་ ཡོད་མེད་ཚུ་ ཧ་ལམ་ཤེས་རྟོགས་འབྱུང་ཚུགས་ཟེར་ཨིན་པས།

ཐིམ་ཕུག་ཁྲོམ་མ་གཏོགས་ རྫོང་ཁག་གཞན་གྱི་ མི་སེར་ཚུ་ ཨ་རྟག་བཟུམ་སྦེ་ འགྲོ་འགྲུལ་འབད་ཆོག་ནི་ཨིནམ་ད་ གལ་སྲིད་ སྤྱི་ཟླ་༡༢ པའི་ཚེས་༧ ལས་ འགོ་བཙུགས་ཏེ་ ཐིམ་ཕུག་ལས་ རྫོང་ཁག་གཞན་ཚུ་ནང་ སོང་མི་ཚུ་ ཉེ་འདབས་ཀྱི་ སྨན་ཁང་ཚུ་ནང་ ནད་གཞི་ཡོད་མེད་ཀྱི་ བརྟག་དཔྱད་འབད་བར་ འགྱོ་གནང་ཟེར་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ རྫོང་ཁག་གཞན་ཚུ་ནང་ འགྲུལ་སྐྱོད་བཀག་དམ་མེད་རུང་ མི་ཚུ་གིས་ ཚ་གྱང་འབག་སྟེ་ ཕྱི་ཁར་འགྱོ་ནི་དང་ ཕྱད་དགོཔ་ངེས་བདེན་ཡོད་ན་མ་གཏོགས་ འབད་མ་གནང་ཟེར་ཨིན་པས།

འདས་པའི་བདུན་ཕྲག་༢ ཀྱི་ ནང་འཁོད་ལུ་ ཐིམ་ཕུག་ལས་ རྫོང་ཁག་༡༩ ག་རའི་ནང་ མི་༣༨,༠༠༠ དེ་ཅིག་ འགྲུལ་སྐྱོད་འབད་དེ་ཡོདཔ་ལས་ ནད་གཞི་ཁྱབ་སྤེལ་འགྱོ་འགྱོ་འོང་ག་ མི་ཤེས་ནི་ཨིནམ་ལས་ ཉེན་ཁ་སྦོམ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ གལ་སྲིད་ ཉེན་ཁ་ཡོད་པ་ཅིན་ འགྲུལ་སྐྱོད་བཀག་དམ་དེ་ ཉིན་གྲངས་༢༡ དེ་ཅིག་ ལུས་ནི་དང་ དེ་མེན་ ས་གོ་དང་འཁྲིལ་ཏེ་ བཀག་དམ་ཡངས་ཆག་འབད་འོང་ཟེར་གསུངས་ཡི།

ད་རེས་ མི་སྡེ་དང་ རྒྱལ་སྤྱིའི་གི་ ལོ་གསར་གྱི་ དུས་ཚོད་ཅིག་འབདཝ་ལས་ མདའ་རྩེད་དང་ རྡོ་སྒོར་རྩེད་འགྲན་འབད་མི་ ལེ་ཤ་འོང་སྲིདཔ་ལས་ དེ་ཚུ་ མི་ཆོག་ཟེར་ཨིནམ་ད་ མི་ལ་ལོ་ཅིག་ འགྲུལ་སྐྱོད་བཀག་དམ་འབད་དེ་ ཁྱིམ་ནང་སྡོདཔ་ད་ རྫོང་ཁག་གཞན་ཚུ་གིས་ མདའ་རྩེད་ལ་སོགས་པ་ཚུ་ འགོ་འདྲེན་མི་འཐབ་འོང་མནོ་བའི་ རེ་བ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *