ཁ་ཙ་ ཐིམ་ཕུག་ཁྲིམས་སྲུང་འགག་སྡེ་རྩེད་ཐང་གི་ ཚ་རིམས་སྨན་བཅོས་ཁང་ནང་ བརྟག་དཔྱད་འབད་བར་སོང་མི་ཚུ།

ཐིམ་ཕུག་ཁྲོམ་སྡེའི་ནང་ མི་མང་བརྟག་དཔྱད་ལས་ དཔེ་ཚད་༨,༤༠༠ བསྡུ་ལེན་འབད་ཡོདཔ།

གསོ་བ་ལྷན་ཁག་གིས་ ཁ་ཙ་ མི་སྡེ་ནང་ ནད་ཡམས་ཀོ་བིཌ་-༡༩ འི་བརྟག་དཔྱད་མཇུག་བསྡུཝ་དང་འབྲེལ་ ཐིམ་ཕུག་ཁྲོམ་སྡེ་ལས་ དཔེ་ཚད་༨,༤༠༠ དེ་ཅིག་ བསྡུ་ལེན་འབད་ནུག།

དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༢༤ ལས་ ཐིམ་ཕུག་ལུང་གཤོང་ནང་ མི་མང་བརྟག་དཔྱད་འབད་ནི་ འགོ་བཙུགས་མིའི་ ཆ་ཤས་ལས་རིམ་ཅིག་ཨིན་པས།

ཨིན་རུང་ མི་སྡེ་བརྡ་བརྒྱུད་ནང་ མང་ཤོས་ཅིག་གིས་ ཁོང་ལུ་ བརྟག་དཔྱད་མ་འབད་བའི་སྐོར་ལས་ བཀོད་ཡོད་མི་དེ་ཡང་ གསོ་བ་ལྷན་ཁག་གིས་ མི་མང་བརྟག་དཔྱད་འབདཝ་ད་ ཁྱིམ་གུང་རེ་ལས་མི་རེར་ བརྟག་དཔྱད་འབད་ནི་སྦེ་ གསལ་བསྒྲགས་འབད་ཡོད་རུང་ མང་ཤོས་ཅིག་ལུ་ བརྟག་དཔྱད་ཀྱི་དོན་ལུ་ བརྒྱུད་འཕྲིན་མ་ལྷོད་པར་ ཡོདཔ་ཨིན་པས།

ཐིམ་ཕུག་ལུ་སྡོད་མི་ ལ་ལོ་ཅིག་གིས་ སླབ་མིའི་ནང་ ཁོང་གི་ ཁྱིམ་ཚང་ལུ་ བརྟག་དཔྱད་འབད་ནིའི་དོན་ལས་ བརྒྱུད་འཕྲིན་ལྷོད་ཡོད་རུང་ ཁོང་ལུ་ མ་ལྷོད་ཟེར་ཨིནམ་ད་ ས་གོ་ལ་ལོ་ཅིག་ནང་ སྒྲིག་ཁྱིམ་ཅིག་ནང་ལས་ མི་ངོམ་༡ ལས་བརྒལ་ བརྟག་དཔྱད་མ་འབད་བས་ཟེར་ ཉོགས་བཤད་བཀོདཔ་ཨིན་པས།

སྒྲིང་ཁྱིམ་ཅིག་ལས་ མི་དག་པ་ཅིག་ལུ་ བརྟག་དཔྱད་ཀྱི་དོན་ལས་ འབོ་ཡོད་རུང་ ཉེ་འདབས་ཀྱི་ སྒྲིང་ཁྱིམ་ནང་སྡོད་མི་ མི་ངོ་ཕུད་རྡོག་གཅིག་ལུ་ར་ བརྒྱུད་འཕྲིན་མ་ལྷོད་པར་འདུག་ཟེར་ མི་ཅིག་གིས་ བཤདཔ་ཨིན་པས།

སྡེཔ་སྲིད་ལུ་སྡོད་མི་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ བརྟག་དཔྱད་འབད་བར་ འགྱོ་བའི་སྐབས་ བརྒྱུད་འཕྲིན་ལུ་ བསྒུག་དགོཔ་སྦེ་ སླབ་ཡོད་རུང་ བརྒྱུད་འཕྲིན་མ་ལྷོད་ཟེར་ཨིནམ་ད་ སྒྲིང་ཁྱིམ་ཅིག་ནང་ལས་ མི་ཕུད་རྡོག་གཅིག་ བརྟག་དཔྱད་འབདཝ་ད་ དེ་ནང་སྡོད་མི་ ག་ར་ལུ་ ནད་འབུབ་མེདཔ་སྦེ་ ག་དེ་སྦེ་ ཤེས་ཚུགས་ནི་ཨིན་ན་ དོགས་པ་སྦོམ་སྦེ་ར་ ཆགསཔ་མས་ཟེར་ ཨོ་རྒྱན་རྡོ་རྗེ་གིས་ བཤདཔ་ཨིན་པས།

རྟ་རྦབ་ལུ་ སྡོད་མི་ཅིག་གིས་ ཁོང་གི་ ས་ཁོངས་ལས་ རེ་གཉིས་མ་གཏོགས་ བརྟག་དཔྱད་འབད་བར་ མ་འབོ་བས་ཟེར་ བཤད་པའི་ཁར་ བརྟག་དཔྱད་དེ་ ག་དེ་སྦེ་ འབད་དོ་ག་ མི་ཤེས་པས་ཟེར་ སླབ་ཨིན་པས།

ཨིན་རུང་ ཐབས་རིག་གྲོས་བསྟུན་སྡེ་ཚན་གྱི་ འགོ་འཛིན་དང་ ནད་ཡམས་བརྟག་དཔྱད་མཁས་མཆོག་ ཌོག་ཊར་སྲིད་ཐར་རྡོ་རྗེ་གིས་ ག་ར་ངེས་པར་དུ་ བརྟག་དཔྱད་འབད་དགོཔ་སྦེ་མེད་ཟེར་ བཤདཔ་ཨིན་པས།

ཁོ་གིས་ དོགས་སེལ་འབད་མིའི་ནང་ མི་མང་བརྟག་དཔྱད་དེ་ ག་ཚུད་གང་བྱུང་སྦེ་ གདམ་ཁ་རྐྱབ་ཡོད་པའི་ ཁྱིམ་ཚུ་ལས་ འབད་ཡོདཔ་ལས་ བརྟག་དཔྱད་ཀྱི་དོན་ལུ་ བརྒྱུད་འཕྲིན་མ་ལྷོད་མི་དང་ བརྟག་དཔྱད་མ་འབད་མི་ཚུ་ ཚ་གྱང་ལང་མ་གནང་ཟེར་ཨིན་པས།

ས་ཁོངས་ངོས་འཛིན་འབད་མི་ཚུ་ནང་ དགོས་མཁོ་ཅན་གྱི་ དཔེ་ཚད་བསྡུ་ལེན་འབད་ནི་ཚུ་ བགོ་བཤའ་རྐྱབ་པའི་ཤུལ་ལས་ ཁྱིམ་གུང་ཚུ་ ག་ཚུད་གང་བྱུང་སྦེ་ གདམ་ཁ་འབད་དེ་ བརྟག་དཔྱད་ཀྱི་དོན་ལུ་ ཐོ་བཀོད་འབད་ཡི་ཟེར་ ཌོག་ཊར་སྲིད་ཐར་རྡོ་རྗེ་གིས་ བཤདཔ་ཨིན་པས།

དེ་ལས་ གདམ་ཁ་འབད་ཡོད་པའི་ ཁྱིམ་གུང་ལས་ ནད་འབུབ་ཐོབ་ཉེན་ཡོད་མི་ ངོ་རྐྱང་ཚུ་ལུ་ བརྟག་དཔྱད་འབད་ཡོདཔ་ཨིན་པས།

ཌོག་ཊར་སྲིད་ཐར་གྱིས་འབད་བ་ཅིན་ བརྟག་དཔྱད་ཚུ་ ཤོ་མཚུངས་སྦེ་མེན་པར་ རིམ་བྲལ་ཐོག་ འབད་མི་ལུ་བརྟེན་ ལ་ལོ་ཅིག་ལུ་ བརྒྱུད་འཕྲིན་མ་ལྷོདཔ་འོང་ཟེར་ཨིནམ་ད་ ཚན་རིག་ཐོག་ ལཱ་འབད་དོ་ཡོདཔ་ལས་ ཁྱིམ་གུང་ག་ར་ལས་ དཔེ་ཚད་བསྡུ་ལེན་ འབད་མི་དགོཔ་ ག་ར་གིས་ ཤེས་དགོ་ཟེར་ཨིན་པས།

སྤྱིར་བཏང་བརྟག་དཔྱད་ཀྱིས་མ་དོ་བར་ གདམ་འཐུ་འབད་ཡོད་པའི་ ཁྱིམ་གུང་བརྒྱ་ཆ་༡༠ དེ་ཅིག་ལས་ ཨར་ཊི་-པི་སི་ཨར་བརྟག་དཔྱད་ཀྱི་དོན་ལུ་ ནུས་གཟུགས་བརྟག་དཔྱད་(ཁྲག་དཔེ་ཚད་) ཚུ་ཡང་ བསྡུ་ལེན་འབད་ཡི་ཟེར་ཨིན་པས།

ཌོག་ཊར་སྲིད་ཐར་རྡོ་རྗེ་གིས་ དཔེ་ཚད་༨,༤༠༠ དེ་ཅིག་ བསྡུ་ལེན་འབད་ཡོདཔ་ལས་ མི་སྡེ་ནང་ ནད་འབུབ་དར་ཁྱབ་ཡོད་མེད་ཀྱི་ གནས་སྟངས་དང་ དར་ཁྱབ་ག་ཏེ་ལས་ཕར་ འགྱོ་སྟེ་ཡོད་ག་ ཤེས་ཚུགས་ཟེར་ བཤད་པའི་ཁར་ མི་སེར་ཚུ་གིས་ འགྲུལ་སྐྱོད་བཀག་དམ་དེ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་སྟེ་ བརྟག་དཔྱད་མ་འབད་མི་ སྒྲིང་ཁྱིམ་ནང་ སྡོད་མི་ཚུ་དང་ སླ་བསྲེ་མ་གནང་ཟེར་ བཤདཔ་ཨིན་པས།

ཨིན་རུང་ མི་ལ་ལོ་ཅིག་གི་ བརྒྱུད་འཕྲིན་ཨང་གྲངས་ཚུ་ ལག་ལེན་ཐོག་མེདཔ་ལས་ བརྟག་དཔྱད་འབད་མ་ཚུགས་པར་ལུས་ཡོདཔ་ཨིནཔས།

སྤྱི་ཟླ་༡༢ པའི་ཚེས་༢༠ ལས་ འགྲུལ་སྐྱོད་བཀག་དམ་འབད་ཞིནམ་ལས་ ཉིན་གྲངས་༧ གྱི་ ནང་འཁོད་ལུ་ ཐིམ་ཕུག་ལས་ མི་༩༦ ལུ་ ཀོ་བིཌ་-༡༩ ཐོབ་ཡོདཔ་ བདའ་ཟུན་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *