སྤྱི་ལོ་༢༠༠༨ ལུ་ སྣུམ་འཁོར་བཅོ་ཁང་༣༢ ཡོད་མི་ལས་ ད་རེས་ནངས་པར་༨༠ ལྷགཔ་ཅིག་ལུ་ ཡར་འཕར་སོང་མི་ ཨོ་ལ་རོང་ཆུའི་ས་ཁོངས།

ཐིམ་ཕུག་ཁྲོམ་སྡེ་གིས་ སྣུམ་འཁོར་བཅོ་ཁང་གི་ སའི་ཇོ་བདག་ཚུ་ལུ་ རྒྱབ་སྲུང་འབད་བའི་ཉེས་ཁ།

སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཚུ་གིས་ གནད་དོན་འདི་ནང་ ཁེ་ཕན་ལྟག་སྤྲོད་ཡོདཔ་ལས་ ཞིབ་དཔྱད་འབད་དགོ་པའི་ ཞུ་བ་འབད་ནུག།
༉ ཐིམ་ཕུག་ཨོ་ལ་རོང་ཆུ་ལུ་ སྣུམ་འཁོར་བཅོ་ཁང་བཙུགས་མི་ སྒྲིང་ཁྱིམ་གྱི་ ཇོ་བདག་ཚུ་གིས་ ཁང་གླ་ཚུ་ ཚད་ལས་བརྒལ་ ཡར་སེང་འབད་མི་ལུ་བརྟེན་ སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་༡༣ དེ་ཅིག་ལུ་ ཐོ་སྦོམ་སྦེ་ར་ ཕོག་ཡོད་མིའི་ དཀའ་ངལ་སེལ་ཐབས་ལུ་ སྣུམ་འཁོར་བཅོ་ཁང་ལས་སྡེ་མཐུན་ཚོགས་ཀྱིས་ སྒྲིང་ཁྱིམ་གྱི་ ཇོ་བདག་དང་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ ཁང་གླ་སེང་ནི་མེདཔ་ཅིག་ མཛད་གནང་ཟེར་ ནན་བསྐྱར་དུ་ ཞུ་བ་འབད་མི་དེ་ མཐར་འཁྱོལ་བྱུང་མ་ཚུགས་པས།
དེ་ཡང་ སའི་ཇོ་བདག་ཚུ་གིས་ འབྲུག་གི་ས་དང་ཁྱིམ་གླར་སྤྱོད་ཀྱི་ བཅའ་ཁྲིམས་དང་མ་འཁྲིལ་བར་ ཁང་གླང་བརྒྱ་ཆ་ལས་བརྒྱ་དང་ ལོ་ལྟབ་ཡར་སེང་འབད་མི་ལུ་བརྟེན་ སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་དག་པ་ཅིག་གིས་ སྤྱི་ལོ་༢༠༡༢ ལས་ར་ ཐིམ་ཕུག་ཁྲོམ་སྡེ་ལུ་ བར་འཛུལ་ཐོག་ ཁང་གླ་ཡར་སེང་འབད་ནི་ལས་ བཀག་འཛིན་འབད་གནང་དགོ་པའི་ ཞུ་ཡིག་བཙུགས་ཡོད་རུང་ ད་ཚུན་གྱི་བར་ན་ ངོས་ལེན་ལེགས་ཤོམ་ཅིག་ བྱིན་མ་བཏུབ་ཟེར་ སྣུམ་འཁོར་བཅོ་ཁང་ལས་སྡེ་མཐུན་ཚོགས་ཀྱི་ འཐུས་མི་ཚུ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༠༨ ཟླ་༡༠ པའི་ནང་ སྣུམ་འཁོར་བཅོ་ཁང་༣༢ དེ་ཅིག་ཡོད་མི་ཚུ་ ལྕང་ཟམ་ཏོག་ལས་ ཨོ་ལ་རོང་ཆུ་ལུ་ སྤོ་བཤུད་འབད་བའི་སྐབས་ སྣུམ་འཁོར་བཅོ་ཁང་ཆེ་བ་ལུ་ ཟླ་རིམ་ཁང་གླ་དངུལ་ཀྲམ་༦༠,༠༠༠ རེ་དང་ བར་མ་ལུ་ དངུལ་ཀྲམ་༣༠,༠༠༠ རེ་ དེ་ལས་ བཅོ་ཁང་ཆུང་བ་ལུ་ དངུལ་ཀྲམ་༢༠,༠༠༠ རེ་སྦེ་ ཚད་གཞི་བཟོ་ཡོདཔ་བཞིན་དུ་ སྣུམ་འཁོར་བཅོ་ཁང་ཚུ་གིས་ ས་དང་ཁྱིམ་གླར་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥ ཅན་མ་དང་འཁྲིལ་ ལོ་༢ ཀྱི་ནང་འཁོད་ལུ་ བརྒྱ་ཆ་༡༠ རེ་ཡར་སེང་ཐོག་ ཁང་གླ་སྤྲོད་བཞིན་དུ་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ སྒྲིང་ཁྱིམ་གྱི་ ཇོ་བདག་ཚུ་གིས་ བཅའ་ཁྲིམས་དང་མ་འཁྲིལ་བར་ ཁོང་རའི་བློ་འདོད་ལྟར་ ལོ་༨ ཀྱི་ནང་འཁོད་ལུ་ ཁང་གླར་བརྒྱ་ཆ་༢༦༦ ལས་༣༠༠ ཚུན་ ཡར་སེང་འབད་དེ་ སྣུམ་འཁོར་བཅོ་ཁང་༡༣ ལྷགཔ་ཅིག་ལུ་ དཀའ་སྡུག་སྦོམ་བྱིན་ཏེ་ཡོད་ཟེར་ སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཅིག་གིས་ བཤདཔ་ཨིན་པས།
དཔེར་ན་ འགོ་ཐོག་སྐབས་ སྣུམ་འཁོར་བཅོ་ཁང་ཆེ་བ་ལུ་ ཁང་གླ་དངུལ་ཀྲམ་༦༠,༠༠༠ འབད་མི་དེ་ བརྒྱ་ཆ་༢༨༣ ཡར་སེང་ཐོག་ ད་ལྟོ་ དངུལ་ཀྲམ་༡༧༠,༠༠༠ ལས་༡༩༠,༠༠༠ བར་ན་དང་ བཅོ་ཁང་བར་མ་ལུ་ དངུལ་ཀྲམ་༣༠,༠༠༠ ལས་ བརྒྱ་ཆ་༢༦༦-༣༠༠ ཡར་སེང་ཐོག་ དངུལ་ཀྲམ་༨༠,༠༠༠ དང་༩༠,༠༠༠ ཚུན་དང་ བཅོ་ཁང་ཆུང་བ་ལུ་ དངུལ་ཀྲམ་༢༠,༠༠༠ ལས་ བརྒྱ་ཆ་༣༠༠ ཡར་སེང་ཐོག་ དངུལ་ཀྲམ་༦༠,༠༠༠ ལུ་ ལྷོད་དེ་ཡོད་ཟེར་ཨིན་པས།
སའི་ཇོ་བདག་ཚུ་གིས་ ཁང་གླ་ཡར་སེང་འབད་མི་ལུ་ ངོས་ལེན་མེད་པ་ཅིན་ སྒྲིང་ཁྱིམ་སྟོངམ་བཏོན་དགོཔ་སྦེ་ སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཚུ་ལུ་ ཡི་གུ་བྲིས་བའི་ཤུལ་ལས་ ཁེ་རྒུད་མ་བཏུབ་མི་ཚུ་གིས་ ཁྲོམ་སྡེ་དང་ ཞབས་ཏོག་ལྷན་ཁག་ལུ་ བར་འཛུལ་ཐོག་ ཐབས་ལམ་བཏོན་དགོ་པའི་སྐོར་ མཐོ་གཏུགས་འབད་ནུག།
ཁེ་ཕན་ལྟག་སྤྲོད་ཀྱི་ཉེས་ཁ།
ན་ཧིང་ སྤྱི་ཟླ་༣ པའི་ཚེས་༨ ལུ་ ཞབས་ཏོག་ལྷན་ཁག་གིས་ ཐིམ་ཕུག་ཁྲོམ་སྡེའི་ ས་ཁྱིམ་གླར་སྤྱོད་ཉོགས་འཛིན་འདུམ་འགྲིག་ཚོགས་ཆུང་ལུ་ སྣུམ་འཁོར་བཅོ་ཁང་སྡེ་ཚན་མཐུན་ཚོགས་ལུ་ ཁང་གླ་མཐོ་དྲགས་དང་འབྲེལ་བའི་ སྟབས་མ་བདེཝ་བྱུང་མི་ གནད་དོན་ཚུ་ གང་མགྱོགས་སེལ་གནང་དགོ་པའི་ ཡི་གུ་བྲིས་ནུག།
ཁྲོམ་དཔོན་བརྩིས་ཏེ་ འཐུས་མི་༥ འབད་མི་ ཁྲོམ་སྡེའི་ཉོགས་འཛིན་འདུམ་འགྲིག་ཚོགས་ཆུང་གིས་ སའི་ཇོ་བདག་དང་ སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཚུ་གི་ རྩོད་དོན་༡༢ དེ་ཅིག་ལུ་ སྙན་གསན་ཐོག་ གྲོས་ཆོད་བཏོན་ཡོདཔ་ད་ དེ་ཡང་ རྩ་ཕན་ཚུ་གི་བར་ན་ ས་དང་ཁྱིམ་གླར་སྤྱོད་ཀྱི་བཅའ་ཁྲིམས་དང་འཁྲིལ་ གླར་སྤྱོད་ཀྱི་ གན་འཛིན་ཡིག་ཐོག་ལུ་ བཟོ་ཡོད་མི་དང་ གླ་ཁར་སྤྱོད་མཚམས་ཀྱི་ དུས་ཡུན་རྫོགས་མི་དང་བསྟུན་ སྒྲིང་ཁྱིམ་གྱི་ ཇོ་བདག་ཚུ་གིས་ བསྟར་སྤྱོད་འབད་བའི་ཁར་ ཁང་གླར་སྡོད་མི་ཚུ་ལུ་ ཁྱིམ་སྟོངམ་བཏོན་དགོཔ་སྦེ་ སླབ་མི་ཚུ་ཡང་ ཟླཝ་༢ ཀྱི་སྔ་གོང་ལས་ ཡིག་ཐོག་གི་ བརྡ་འཕྲིན་འབད་ཡོད་པའི་ མངོན་གསལ་བྱུངམ་ལས་ སའི་ཇོ་བདག་ཚུ་གིས་ གདོང་ལེན་འབད་མི་ལུ་ ཚོགས་ཆུང་གིས་ ངོས་ལེན་འབད་ནུག།
དེ་འབདཝ་ད་ ཚོགས་ཆུང་གི་ གྲོས་ཆོད་ཚུ་ལུ་ ཁེ་རྒུད་མ་བཏུབ་མི་ཚུ་གིས་ སླབ་མིའི་ནང་ སའི་ཇོ་བདག་ མང་ཤོས་ར་ བར་སྦིས་ས་ལས་ཨིན་པའི་ཁར་ སྙན་གསན་འབད་མི་ ཚོགས་ཆུང་གི་ འཐུས་མི་༤ ཡང་ བར་སྦིས་ས་ལས་ཨིནམ་ལས་ དེ་ནང་ ཁེ་ཕན་ལྟག་སྤྲོད་ཡོད་ནི་དེ་གིས་ མཐོ་གཏུགས་འབད་མི་ཚུ་ལུ་ དྲང་ཁྲིམས་མ་ཐོབ་ལས་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་དེ་ཡོད་ཟེར་ཨིན་པས།
ཉོགས་འཛིན་འདུམ་འགྲིག་ཚོགས་ཆུང་གི་ འཐུས་མི་དང་ ཁྲོམ་སྡེའི་ཁྲིམས་དོན་འགོ་དཔོན་ ཨྱོན་རྡོ་རྗེ་གིས་འབད་བ་ཅིན་ སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཚུ་གིས་ ཁེ་ཕན་ལྟག་སྤྲོད་ཀྱི་ ཁ་ཉེས་བཀལ་མི་དེ་ མི་བདེན་ཟེར་ཨིནམ་ད་ འདུམ་འགྲིག་ཚོགས་ཆུང་གིས་ ས་དང་ཁྱིམ་གླར་སྤྱོད་ཀྱི་བཅའ་ཁྲིམས་ ལེའུ་༩ པའི་དོན་ཚན་༩༤ པ་ལྟར་ སྙན་གསན་མཛད་དེ་ རྩ་ཕན་གཉིས་ཆ་རའི་ མཐའ་དོན་ལུ་བལྟ་སྟེ་ ཡིག་ཐོག་གི་ གྲོས་ཆོད་བཏོན་ཡོདཔ་བཞིན་དུ་ གལ་སྲིད་ རྩ་ཕན་ཅིག་ལུ་ ཁེ་རྒུད་མ་བཏུབ་པའི་ གནད་དོན་རེ་འཐོན་ཚེ་ ལཱ་གི་དུས་ཚོད་ ཞལ་གྲངས་༡༠ གྱི་ནང་འཁོད་ ཐད་ཀར་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་ཞུ་ནིའི་ གོ་སྐབས་གནང་སྟེ་ཡོདཔ་ལས་ ཁེ་ཕན་ལྟག་སྤྲོད་ཀྱི་ གནད་དོན་ག་ནི་ཡང་མེད་ཟེར་ ཨྱོན་རྡོ་རྗེ་གིས་ བཤདཔ་ཨིན་པས།
ད་ལྟོ་ སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་༡༡ དེ་ཅིག་གིས་ ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགས་ཏེ་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ཉོགས་བཤད།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རྩོད་དོན་དེ་ ཁྲོམ་སྡེའི་ཁ་ཐུག་ལས་ ག་དེ་སྦེ་ སེལ་ཐབས་དང་ ལག་ལེན་འཐབ་ཡོདཔ་ཨིན་ན་ དེ་གི་སྐོར་ལས་ ལྷན་ཚོགས་ལུ་ སྙན་ཞུ་བཙུགས་དགོཔ་སྦེ་ སླབ་སྟེ་ཡོདཔ་ལས་ སྙན་ཞུ་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
ཁྲོམ་སྡེའི་སྙན་ཞུ་དང་འཁྲིལ་ཏེ་ ལྷན་ཚོགས་ཀྱིས་ རྩོད་དོན་དེ་ལུ་ ཞིབ་དཔྱད་རྐྱབ་ནི་གི་ འོས་ཁུངས་ཡོད་མེད་ ཐག་བཅད་འོང་ཟེར་ ལྷན་འཛིན་རྒྱ་མཚོ་གིས་ བཤདཔ་ཨིན་པས།
སྣུམ་འཁོར་བཅོ་ཁང་ལས་སྡེ་མཐུན་ཚོགས་ཀྱི་ བཀོད་ཚོགས་འཐུས་མི་༥ གིས་ སྤྱི་ལོ་༢༠༡༨ ཟླ་༡༠ པའི་ཚེས་༥ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁྲི་འཛིན་ལུ་ ཞུ་ཡིག་ཕུལ་མིའི་ནང་ སྒྲིང་ཁྱིམ་གྱི་ ཇོ་བདག་ཚུ་གིས་ སྤྱི་ལོ་༢༠༡༢ ལུ་ ཁང་གླ་བརྒྱ་ཆ་༤༧ ཡང་སེང་འབད་མི་དེ་ ཞབས་ཏོག་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནིའི་དོན་ལས་ ཁོང་ལས་ ས་ཐེབས་གཞུང་བཞེས་འབད་མི་ལུ་བརྟེན་དང་ སྤྱི་ལོ་༢༠༡༧-༢༠༡༨ ལུ་ ད་རུང་ ཁང་གླ་བརྒྱ་ཆ་༥༠ ལས་༩༠ དེ་ཅིག་ ཡར་སེང་འབད་མི་དེ་ཡང་ ས་ཐེབས་ཚུ་ སའི་ཇོ་བདག་ཚུ་གིས་ ལོག་ཐོབ་ཡོདཔ་ལས་ སྒྲིང་ཁྱིམ་ཉམས་བཅོས་འབད་ནི་དང་ གཞི་རྟེན་ཁང་ཚུ་ རྐྱབ་ཐབས་ལུ་ཨིནམ་སྦེ་ བདེན་ཁུངས་ཚུ་ བཀོད་ནུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ སྤྱིར་དོན་སྤྱོད་ཐབས་ལུ་ གཞུང་གིས་ སྒེར་ས་མཁོ་སྒྲུབ་འབད་ཚར་བའི་རྗེས་སུ་ མི་མང་གི་ཞབས་ཏོག་དང་ གཞི་རྟེན་ཁང་སྦེ་ ལག་ལེན་འཐབ་དགོ་ཟེར་ཨིན་པས།
ཁོང་གིས་ ཉོགས་བཤད་ཡི་གུ་ནང་ སྤྱི་ལོ་༢༠༡༦ ཟླ་༩ པའི་ནང་ བློན་ཆེན་བགྲེསཔ་དེ་ ཨོ་ལ་རོང་ཆུ་ སྣུམ་འཁོར་བཅོ་ཁང་གི་ ས་ཁོངས་ནང་བྱོནམ་ད་ སྤྱི་དོན་གྱི་དོན་ལུ་ སྒེར་ས་གཞུང་བཞེས་འབད་སའི་ ས་གོ་ནང་ སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་དང་ ལས་གཡོགཔ་ཚུ་གི་དོན་ལས་ ཨ་ལོ་གཅེས་སྐྱོང་ལྟེ་བ་ཅིག་དང་ གཞི་རྟེན་སྨན་ཁང་ཅིག་རྐྱབ་ནི་ དེ་ལས་ སྣུམ་འཁོར་བཅོ་བར་འོང་མི་ཚུ་གི་ སྣུམ་འཁོར་བཞག་ས་ཅིག་ བཟོ་ནི་སྦེ་ ཁས་ལེན་གནང་ཡི་ཟེར་བཀོད་ནུག།
ཁྲོམ་སྡེ་གིས་ སྒེར་ས་གཞུང་བཞེས་འབད་ཚར་མི་ཚུ་ ཚོགས་རྒྱན་བཙུགས་མི་ བཟའ་ཚང་མངམ་ཡོད་མི་ སའི་ཇོ་བདག་དག་པ་ཅིག་ལུ་ ལོག་སྤྲོད་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ ང་བཅས་ཀྱིས་ རྩ་ལས་ར་ ཧ་གོ་མ་ཚུགས་ཟེར་ མཐུན་ཚོགས་ཀྱིས་ ལྷན་ཚོགས་ལུ་བཙུགས་མི་ ཞུ་ཡིག་ནང་བཀོད་ནུག།
ཨིན་རུང་ ད་རེས་འབད་བའི་བསྒང་ལས་ ས་ཆ་ལོག་ཐོབ་སྟེ་ ཁེ་ཕན་བྱུང་མི་ སའི་ཇོ་བདག་དག་པ་ཅིག་ ཁྲོམ་དཔོན་དང་ ཁྲོམ་སྡེའི་ཁྲིམས་དོན་འགོ་དཔོན་གྱི་ ཉེ་ཚན་ཚུ་ཨིན་པའི་ ཤེས་རྟོགས་བྱུང་ཡོདཔ་ལས་ གནད་དོན་དེ་ལུ་ ཞིབ་དཔྱད་འབད་དགོཔ་སྦེ་བཀོད་ནུག།
དེ་འབདཝ་ད་ ས་དང་སྒྲིང་ཁྱིམ་གྱི་ ཇོ་བདག་ལ་ལོ་གིས་ སླབ་མིའི་ནང་ སྣུམ་འཁོར་གྱི་ ཇོ་བདག་ཚུ་གིས་ ཁང་གླ་ཚུ་ དུས་ཚོད་ཁར་ བཏབ་མ་བཏུབ་མི་ལུ་བརྟེན་ གླར་སྤྱོད་ཀྱི་ གན་ཡིག་བཟོ་མི་དང་བསྟུན་ ཁྱིམ་སྟོངམ་བཏོན་དགོ་པའི་ བརྡ་བསྐུལ་ཡི་གུ་སྤྲོད་ཡོདཔ་མ་ཚད་ ལ་ལོ་ཅིག་གིས་ སྒྲིང་ཁྱིམ་གྱི་ ཇོ་བདག་ལུ་ སྙན་ཞུ་མ་འབད་བར་ ཁང་ཚན་ཚུ་ མི་གཞན་ལུ་ གླ་ཁར་སྤྲོད་དེ་ཡོད་པའི་ཁར་ བཟོ་སྐྲུན་ཚུ་ཡང་འབད་ནུག་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *