ཐིམ་ཕུག་ཁྲོམ་སྡེ་གིས་ ཚོད་བསྲེ་ཚོང་པ་ཚུ་གི་དོན་ལུ་ ཁང་གླ་མར་ཕབ་རྐྱབ་ཡོདཔ།

༉ སྤྱི་ཟླ་༧ པ་རྫོགས་ཞིནམ་ལས་ ད་རེས་ ལག་ལེན་འཐབ་བཞིན་ཡོད་མི་ ཐིམ་ཁྲོམ་གྱི་ ཚོད་བསྲེ་བཙོང་ཁང་གི་ ཁང་གླ་ཚུ་ རྒྱ་ཆེཝ་སྦེ་ར་ མར་ཕབ་རྐྱབ་ཡོདཔ་ལས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༣,༣༠༠ ལས་ དངུལ་ཀྲམ་༣,༧༠༠ བར་ན་མ་གཏོགས་ སྤྲོད་མི་དགོ་ནི་ཨིན་པས།

ཚོད་བསྲེ་བཙོང་ཁང་ཚུ་ བཟོ་སྐྲུན་མཇུག་བསྡུ་ཞིནམ་ལས་ ཁྲོམ་སྡེ་གིས་ དང་འདོད་ཅན་གྱི་ ཚོད་བསྲེ་བཙོང་མི་ཚུ་ལུ་ ཁང་གླ་ཐོག་ལས་སྤྲོད་ཡོདཔ་ད་ དཔྱེ་འབད་བ་ཅིན་ ལུང་བསྟན་ཕུག་ གནམ་གྲུ་ཆགས་སའི་ཉེ་འདབས་དང་ གཞུང་ལམ་ཟུར་ཁ་ལུ་ གཞི་བཙུགས་མི་ ཚོད་བསྲེ་བཙོང་སའི་ ཁང་ཚན་རེ་ལུ་ ཟླ་རིམ་བཞིན་དུ་ ཁང་གླ་དངུལ་ཀྲམ་༧,༩༠༠ རེ་ སྤྲོད་དགོཔ་ཨིན་པས།

དེ་བཟུམ་སྦེ་ དུས་ཅི་ སྤྱི་ཟླ་༥ པའི་ནང་ ལྕང་བང་གྲུ་ལུ་བཟོ་མི་ ཚོད་བསྲེ་ཁྲོམ་གྱི་ ཁང་ཚན་རེ་ལུ་ ཁང་གླ་དངུལ་ཀྲམ་༧,༣༠༠ སྦེ་ ཚོང་པ་ཚུ་ལུ་བྱིན་ཡོད་རུང་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཚོང་པ་༤ མ་གཏོགས་ ཁང་གླ་མཐོ་དྲགས་འབད་མི་དང་ ཚོད་བསྲེ་ཉོ་མི་མེད་པའི་དཀའ་ངལ་གྱིས་ ཚོང་པ་ཚུ་ལུ་ དཀའ་ངལ་སྦོམ་བྱུང་ནུག།

དེ་འབདཝ་ལས་ ཁང་གླ་མཐོ་དྲགས་མི་དང་ ཉོ་མི་མེད་པའི་གནད་དོན་ཚུ་ མི་སྡེ་བརྡ་བརྒྱུད་དང་ གསར་ཤོག་ཚུ་ནང་ གནས་ཚུལ་ཁྱབ་སྤེལ་འབད་བའི་ཤུལ་ལས་ ཁྲོམ་སྡེ་གིས་ ཚོང་པ་ཚུ་དང་གྲོས་བསྟུན་འབད་ཞིནམ་ལས་ ཁང་གླ་མར་ཕབ་རྐྱབ་ཡོདཔ་སྦེ་ཨིན་པས།

ཁྲོམ་སྡེའི་བཀོད་ཁྱབ་བཟོ་རིག་འགོ་དཔོན་ བསོད་ནམས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཁྲོམ་ཚོགས་ཀྱི་གོང་ཚད་དང་བསྟུན་ ཁང་གླ་བཀལ་ཡོདཔ་ད་ ཕིཊ་གྲུ་༤ འབད་མི་ ཁང་ཚན་རེ་ལུ་ དངུལ་ཀྲམ་༧༠ གི་རྩིས་རྐྱབ་ཡོད་མི་དེ་ ད་རེས་ བསྒྱུར་བཅོས་འབད་དེ་ དངུལ་ཀྲམ་༢༢ གུ་ མར་ཕབ་རྐྱབ་ཅི་ཟེར་ཨིན་པས།

བསོད་ནམས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ བརྒྱ་འཁོར་ཚོད་བསྲེ་ཚོང་ཁྲོམ་ནང་ བཙོང་མི་ཚོང་པ་ཚུ་ལུ་ ད་རེས་ བསྐྱར་གསོ་འབད་མི་དང་འཁྲིལ་ ཉིན་བསྟར་བཞིན་དུ་ དངུལ་ཀྲམ་༡༠༠ རེ་སྤྲོད་དགོཔ་ད་ དེ་ཡང་ གཞུང་གིས་ ངོས་འཛིན་འབད་མི་ ཚོད་བསྲེ་ཁྲོམ་གསརཔ་ཚུ་ནང་ སྒོ་བསྡམས་ནི་དང་ མཐུན་རྐྱེན་གཞན་ཚུ་ཡང་ མཁོ་སྒྲུབ་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

ལུང་བསྟན་ཕུག་ལུ་ཡོད་མི་ ཚོད་བསྲེ་ཚོང་ཁང་ལས་ ཚོང་པ་ ཆོས་ཉིད་དབང་མོ་གིས་ སླབ་མིའི་ནང་ འདས་པའི་ཟླཝ་༣ དེ་ཅིག་ ཁྲོམ་སྡེ་ལུ་ དངུལ་ཀྲམ་༧,༩༠༠ བཏབ་དགོ་མི་དེ་ ནད་ཡམས་ཀྱི་གནས་སྟངས་ ལེགས་ཤོམ་འགྱོ་བའི་ཤུལ་ལས་ མི་སེར་ཚུ་ཡང་ ཚོད་བསྲེ་ཉོ་བར་འོང་པ་ཅིན་ འོང་འབབ་བཟོ་ཚུགས་ནིའི་རེ་བ་ལུ་ དོ་འགྲན་འབད་དེ་ སྡོད་ཡི་ཟེར་ཨིན་པས།

ད་རེས་ ཁྲོམ་སྡེ་གིས་ ཁང་གླ་དངུལ་ཀྲམ་༧,༩༠༠ ལས་༣,༧༠༠ གུ་ ཕབ་ནི་དེ་གིས་ ད་ལས་ཕར་ བཟའ་ཚང་གསོ་སྐྱོང་འཐབ་ནི་དང་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་གི་དོན་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ ཆོས་ཉིད་དབང་མོ་གིས་ བཤདཔ་ཨིན་པས།

དེ་བཟུམ་སྦེ་ ལྕང་བང་གྲུ་ལུ་ ཚོད་བསྲེ་ཚོང་པ་དབང་མོ་གིས་ སླབ་མིའི་ནང་ མ་གཞི་ཁྲོམ་སྡེ་གིས་ ཁང་གླ་དངུལ་ཀྲམ་༧,༣༠༠ རེ་སྤྲོད་དགོ་པའི་ བཀོད་རྒྱ་བྱིན་རུང་ ཟླཝ་༣ གྱི་རིང་ ས་ཁོངས་དེ་ནང་ ཚོད་བསྲེ་ཉོ་མི་ ཕུད་རྡོག་གཅིག་ཡང་ འོང་ནི་མེདཔ་ལས་ ཁྲོམ་སྡེ་ལུ་ སྐྱིད་སྡུག་ཞུ་སྟེ་ཡོདཔ་བཞིན་དུ་ ད་རེས་ ཁང་གླ་ཕབ་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།

ཧེ་ཇོ་ཁྲོམ་ནང་འབད་བ་ཅིན་ ཧེ་མར་ དངུལ་ཀྲམ་༤,༣༠༠ འབད་མི་དེ་ ད་རེས་ དངུལ་ཀྲམ་༡,༥༠༠ གུ་ ཕབ་ཡོདཔ་ལས་ ཚོང་པ་ཚུ་གིས་ རྩ་འགེངས་སྡོད་ནི་ཟེར་ སླབ་ཨིན་པས།

ལྕང་བང་གྲུ་ལུ་ཡོད་མི་ ཚོད་བསྲེ་ཁྲོམ་བཟུམ་ཅིག་ནང་ སྒོ་བསྡམས་བཞག་ནིའི་མཐུན་རྐྱེན་མེདཔ་ལས་ ཉིན་བསྟར་བཞིན་དུ་ དངུལ་ཀྲམ་༡༠༠ རེ་ འཐུས་སྦེ་ བསྡུ་ལེན་འབད་དོ་ཡོདཔ་ཨིན་པས།

ཨིན་རུང་ ལྕང་སྒྱིད་དར་ཕུག་གི་ ཚོད་བསྲེ་ཁྲོམ་གྱི་ཁང་ཚན་རེ་ལུ་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༢,༨༠༠ ལས་ དངུལ་ཀྲམ་༡,༦༠༠ གུ་ཕབ་མི་དེ་ ས་ཁོངས་ཕིཊ་གྲུ་༤ རེ་ལུ་ དངུལ་ཀྲམ་༡༣ སྦེ་ བཞག་མི་ལུ་བརྟེན་ཨིན་པས།

ཁྲོམ་སྡེ་ལས་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ལྕང་སྒྱིད་དར་ཕུག་ལུ་ སྣུམ་འཁོར་བཀག་བཞག་ནིའི་ས་གོ་ལེགས་ཤོམ་མེད་མི་དང་ ད་རེས་ནངས་པར་ བཟོ་སྐྲུན་གྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ལས་ དེ་གིས་ ཚོང་ལམ་ལུ་ ཐོགས་ཕོག་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

བར་སྦིས་ས་ལམ་འོག་དང་ ལུང་བསྟན་ཕུག་ རྟ་བབ་ འབྱུང་བཞི་ནང་ ཁྲོམ་ལྟེ་བ་ དེ་ལས་ ལྕང་གྱི་བརྡར་ཕུག་བརྩིས་ཏེ་ ཁྲོམ་ཚོགས་བར་མའི་ དབྱེ་ཁག་ནང་ཚུད་མི་ ཚོད་བསྲེ་ཁྲོམ་༦ དང་ ད་ལྟོ་ཚུན་ འབྱུང་བཞི་ནང་གི་ བཟོ་སྐྲུན་མཇུག་བསྡུ་མ་ཚུགས་ནི་དེ་གིས་ ཚོང་པ་ཚུ་ལུ་ གོ་སྐབས་སྤྲོད་མ་ཚུགས་པར་ལུས་ཏེ་འདུག།

ད་རེས་ཀྱི་ཟླཝ་ནང་ བཟོ་སྐྲུན་མཇུག་བསྡུ་ཞིནམ་ལས་ ཟླ་རིམ་བཞིན་དུ་ ཁང་ཚན་རེ་ལུ་ དངུལ་ཀྲམ་༤,༠༠༠ རེ་སྦེ་ ཚོང་པ་ཚུ་ལུ་ བྱིན་ནི་ཨིནམ་ད་ དེ་ཁར་ སྒོ་བསྡམ་ནི་དང་ གསང་སྤྱོད་ཚུ་ཡང་ བཟོ་སྐྲུན་འབད་དེ་ཡོདཔ་ཨིན་པས།

ཚོད་བསྲེ་ཁྲོམ་ཆུང་བ་དེ་ཡང་ ལྕང་སྒྱིད་དར་ཕུག་དང་ ལྕང་གཟི་རི་ ཀ་ཝང་བྱང་ས་ གླང་རྒྱུག་ཕར་ཁ་ གཟི་ལུང་ཁ་ ལྕང་བང་གྲུ་ བར་སྦིས་ས་བརྡ་དོན་འཕྲུལ་རིག་ས་ཁོངས་ དེ་ལས་ གདང་རས་ནང་ཚུ་ཨིན་པས།

བར་སྦིས་ས་ལམ་ལྟག་གི་ ཚོད་བསྲེ་ཁྲོམ་དེ་ བཟོ་སྐྲུན་གྱི་ལཱ་འབད་བའི་བསྒང་ཡོདཔ་ལས་ ད་ལྟོ་ཚུན་ ཚོད་བསྲེ་ཁྲོམ་ཆུང་བ་༨ དང་ ཚོད་བསྲེ་ཁྲོམ་བར་མ་༦ དེ་ལས་ རྒྱ་ཆེ་བའི་ཚོད་བསྲེ་ཁྲོམ་ ས་ཁོངས་བཟོ་སྐྲུན་ལས་འགུལ་ལུ་ ཟད་འགྲོ་ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༨༠ བཏང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *