ཐིམ་ཕུག་ཁྲོམ་སྡེ་གིས་ བཀྲིས་ཚོང་སྡེའི་ས་ཆ་ ལེན་ཆོག་ནི།

༉ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་གིས་ ཐིམ་ཕུག་ཁྲོམ་སྡེ་གིས་ ལུང་བསྟན་ཟམ་པ་ཉེ་འདབས་ལུ་ཡོད་མི་ བཀྲིས་ཚོང་འབྲེལ་ལས་སྡེའི་ མིང་ཐོ་ཁར་ཡོད་མི་ ས་ཆ་ཁག་༢ པོ་དེ་ ཁྲོམ་སྡེ་ལུ་ དགོས་མཁོ་དང་འཁྲིལ་ ལེན་ཆོག་པའི་ འཁྲུན་ཆོད་གནང་ཡི།
རྩོད་རྙོགས་ཐོན་ཏེ་ རྩོད་བཤེར་འབད་དགོཔ་ཐོན་མི་ ས་ཆ་༢ པོ་དེ་ཡང་ ད་ལྟོ་ མར་ཁུ་བཀྲམ་སྤེལ་ཁང་དང་ བཀྲིས་ཊི་སེལ་འགྲུལ་འཕྲིན་ཡིག་ཚང་གི་རྒྱབ་ཁར་ཡོད་མི་ གླ་འཁོར་བཞག་སའི་ ས་ཁོངས་རྙིངམ་དེ་ཨིན་པས།
གྲངས་མང་ཁྲིམས་ཁྲི་གིས་ རྩོད་བཤེར་གྱི་ གནད་དོན་ངོ་མ་ར་ བཀྲིས་ཚོང་སྡེ་གི་ བདག་དབང་ལུ་ཡོད་མི་ ས་ཆ་ཐོ་བཀོད་ ཨེལ་༡ དང་ ཨའི་༢༢ ཟེར་མི་གཉིསཔོ་དེ་ སྤྱི་ལོ་༢༠༠༣ ལུ་ འབྲུག་གཞུང་གིས་ ཆ་འཇོག་འབད་མི་ ཐིམ་ཕུག་གཞི་བཀོད་འཆར་གཞི་ཨམ་༢༠༠༢-༢༠༢༧ ཅན་མ་ནང་ ཚུད་ཡོད་མི་ལས་ ཐོན་ནུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
ཆེ་མཐོ་ཁྲིམས་འདུན་གྱིས་ རྩོད་དོན་དེ་ལུ་ དབྱེ་ཞིབ་འབད་བའི་སྐབས་ འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་༢༠༠༥ པའི་དོན་ཚན་༡༠༣ ག་པ་དང་འཁྲིལ་ སྒྲུབ་བྱེད་བྱུང་ཡོདཔ་ལས་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༧ པའི་རྩ་དོན་༡༤ པ་དང་ མངོན་མཐོ་ཁྲིམས་འདུན་གྱི་འཁྲུན་ཆོད་ དེ་ལས་ འབྲུག་གི་སའི་བཅའ་ཁྲིམས་༢༠༠༧ ཅན་མའི་ལེའུ་༧ པ་དང་ འབྲུག་གི་ཁྲོམ་སྡེ་བཅའ་ཁྲིམས་༡༩༩༩ ཅན་མ་ལྟར་ ས་ཆ་དེ་ ཐིམ་ཕུག་ཁྲོམ་སྡེའི་ དགོས་མཁོ་དང་འཁྲིལ་ ལེན་ཆོག་ཟེར་བཀོད་ནུག།
རྩོད་བཤེར་དེ་ཡང་ བཀྲིས་ཚོང་སྡེ་གིས་ སྤྱི་ལོ་༢༠༡༣ ཟླ་༨ པའི་ཚེས་༢༢ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ ས་ཁོངས་དེ་གཉིས་ཀྱི་བདག་དབང་དེ་ བཀྲིས་ཚོང་འབྲེལ་ལས་སྡེ་ལུ་གནང་སྟེ་ ལོ་ལྔ་ལྷག་སོང་རུང་ ཁྲོམ་སྡེ་གིས་ གཞི་རྟེན་ཁང་ཚུ་ བཟོ་སྐྲུན་འབད་མ་བཅུགས་པར་ སྔོ་ལྗང་གི་ ས་ཁོངས་སྦེ་ བཞག་པའི་ཤུལ་ལས་ ཐོན་ཡོདཔ་ཨིན་པས།
བཀྲིས་ཚོང་སྡེའི་ རྩོད་དོན་ངོ་མ་ར་ སྤྱི་ལོ་༢༠༡༤ ཟླ་༣ པའི་ཚེས་༡༣ ལུ་ ཐིམ་ཕུག་ཁྲོམ་སྡེ་ལས་ ས་གནས་ཀྱི་ འཆར་གཞི་ནང་ ས་ཁོངས་སྔོ་ལྗང་དོན་ལུ་ བཀོད་ནི་གི་ཚབ་ལུ་འཛོལ་ཏེ་ ཁྲོམ་སྡེ་ས་ཁོངས་གཙོ་ཅན་ནམ་ དཀྱིལ་ཀྱི་ས་ཁོངས་སྦེ་ ཚུད་སོང་མི་དེ་ ཁྲོམ་སྡེ་གིས་ ཚོང་སྡེ་ལུ་ སྤྱི་ཟླ་དེ་གི་ཚེས་༢༠ ལུ་ར་འཛོལ་ཏེ་ ཚུད་ཡོད་པའི་སྐོར་ལས་ བརྡ་འཕྲིན་འབད་ཡོད་པའི་ སྒྲུབ་བྱེད་ཡོད་མི་ལུ་ འགག་ལན་གང་ཡང་ མ་ཕུལཝ་ལས་ ནོར་འཁྲུལ་ཐོག་སྤྲོད་པའི་ བདེན་ཁུངས་འདུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
བཀྲིས་ཚོང་སྡེའི་ ཁྲིམས་དོན་ངོ་ཚབ་ རྣམ་རྒྱལ་དབང་ཕྱུག་གིས་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༣༡ ལུ་ གྲངས་མང་ཁྲིམས་ཁྲི་ལུ་ ས་ཆ་དེ་ ཁྲོམ་སྡེ་གིས་ ལག་ལེན་འཐབ་མ་བཅུག་པར་ བཀག་འཛིན་འབད་དེ་ཡོདཔ་སྦེ་ ཞུ་ནུག།
ཁོ་གིས་ སྤྱི་ལོ་༢༠༡༤ ཟླ་༣ པའི་ཚེས་༡༣ ལུ་ ཁྲོམ་སྡེའི་འཆར་གཞི་འགོ་དཔོན་དང་ བཀོད་ཁྱབ་དྲུང་ཆེན་ དེ་ལས་ ཁྲོམ་སྡེའི་འཆར་གཞི་གཙོ་འཛིན་ཚུ་གིས་ བདེན་ཁུངས་ངོ་སྦྱོར་འབད་དེ་ ཡིག་ཆ་ཚུ་ བྱིན་པའི་ཤུལ་ལས་ ས་ཆ་དེ་ སྔོ་ལྗང་དོན་ལུ་ ངོས་འཛིན་འབད་དེ་ཡོད་ཟེར་ སླབ་མི་དེ་ འཆར་གཞི་ཟིན་བྲིས་ལུ་ གཞི་བཞག་སྟེ་མ་གཏོགས་ འཆར་གཞི་གཞི་བཀོད་༢༠༠༢-༢༠༢༧ ཅན་མའི་ནང་ ཚུད་དེ་མིན་འདུག་ཟེར་ཞུ་ནུག།
རྣམ་རྒྱལ་དབང་ཕྱུག་གིས་ སའི་བདག་དབང་དེ་ ཁྲོམ་སྡེ་གིས་ ཐོབ་པ་ཅིན་ གོང་འཕེལ་གྱི་ ལཱ་འབད་ནི་དང་ མ་ཐོབ་པ་ཅིན་ ཚོང་སྡེ་ལུ་ འབད་མ་བཅུག་པར་ བཞག་མི་དེ་གིས་ ལས་སྡེ་ལུ་ རྒུད་ཕོག་སྟེ་ཡོད་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *