ན་ཧིང་ ཟླ་༡༠ པའི་ཚེས་༡༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ གཞུང་གི་ཆེ་མཐོའི་དཔོན་ཁག་ དེ་ལས་ འབྲུག་ལུ་ཡོད་པའི་ ཐའི་གི་མི་སྡེའི་འཐུས་མི་ཚུ་གིས་ བཀྲིས་ཆོས་རྫོང་གི་ ཀུན་ར་ནང་ རྒྱལཔོ་བྷུ་མི་བཱོལ་ ཨ་དཱུལ་ཡ་དེཇ་གཤགས་མིའི་དོན་ལུ་ དཀར་མེ་སྟོང་མཆོད་ཕུལ་གནང་པའི་བསྒང་།

ཐའི་ལེནཌ་གི་ རྒྱལཔོ་གཤགས་མིའི་ སྤུར་སྦྱང་དང་འབྲེལ་ དམིགས་བསལ་གྱི་ བསྔོ་སྨོན་གནང་ནི།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ ཐའི་ལེནཌ་གི་རྒྱལཔོ་ མི་དབང་བྷུ་མི་བཱོལ་ ཨ་དཱུལ་ཡ་དེཇ་གཤགས་མིའི་ སྤུར་སྦྱང་ཕུལ་བའི་ ཉིནམ་དང་འབྲེལ་ཏེ་ ནངས་པར་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ ཉིནམ་གཅིག་གི་རིང་ དམིགས་བསལ་གྱི་ བསྔོ་སྨོན་གནང་ནི་ཨིན་པས།
དམིགས་བསལ་གྱི་ སྨོན་ལམ་གནང་སར་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ གཞུང་གི་ཆེ་མཐོའི་དཔོན་ཁག་ ཕྱི་འབྲེལ་དོན་གཅོདཔ་སྐུ་ཚབ་ དེ་ལས་ འབྲུག་ལུ་ཡོད་པའི་ ཐའི་མི་སྡེ་དང་ ད་ལྟོ་ ཀུན་གསལ་ཕོ་བྲང་ནང་ རྒྱལ་བའི་བཀའ་འགྱུར་གྱི་ ལྗགས་ལུང་ཞུ་བའི་བསྒང་ཡོད་མི་ སྤྱིར་བཏང་དད་ཅན་ཚུ་གིས་ བཅའ་མར་གཏོགས་འོང་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།
འབྲུག་དང་ཐའི་ལེནཌ་རྒྱལ་ཁབ་༢ ཀྱི་བར་ན་ ཆོས་དང་འབྲེལ་བའི་ སྲོལ་ཁྱུན་ཆ་འདྲཝ་སྦེ་དང་ ཁྱད་འཕགས་ཅན་གྱི་ མཐུན་འབྲེལ་ཡོད་མི་ལུ་བརྟེན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ མི་དབང་ཞིང་གཤེགས་ བྷུ་མི་བཱོལ་ ཨ་དཱུལ་ཡ་དེཇ་མཆོག་ལུ་ གུས་བཏུད་མཇུག་ཞུ་ནིའི་དོན་ལས་ ད་རིས་ ཐའི་ལེནཌ་ལུ་ འབྱོན་གནངམ་བཞིན་དུ་ ནངས་པར་ རྒྱལ་ས་བེང་ཀོག་ལུ་ རྒྱལཔོ་མཆོག་གི་ སྤུར་སྦྱང་ཕུལ་སར་ འབྲེལ་གཏོགས་གནང་ནི་ཨིན་པས།
མི་དབང་ཞིང་གཤེགས་ བྷུ་མི་བཱོལ་ ཨ་དཱུལ་ཡ་དེཇ་མཆོག་ ཐའི་ལེནཌ་རྐྱངམ་གཅིག་ལུ་མེན་པར་ འཛམ་གླིང་ཡོངས་ལུ་ མཁྱེན་རྒྱ་ཆེ་བའི་རྒྱལཔོ་ཅིག་སྦེ་ གུས་བཀུར་ཞུ་སྟེ་ཡོདཔ་ད་ རྒྱལཔོ་གཤགས་མི་མཆོག་གིས་ ཐའི་ལེནཌ་གི་ མི་སེར་ས་ཡ་ལེ་ཤ་ཅིག་ལུ་ བྱམས་བརྩེ་དང་ སྙིང་རྗེ་གཟིགས་མི་ལུ་བརྟེན་ མཐའ་ཟུར་གྱི་ གོང་འཕེལ་ལས་འགུལ་༤,༠༠༠ དེ་ཅིག་ གཞི་བཙུགས་གནང་མི་དེ་་གིས་ ད་རེས་ནངས་པར་ ཐའི་གི་མི་སེར་ ས་ཡ་ལས་བཅད་དེ་ ཕན་ཁྱད་བྱུང་བཞིན་དུ་ཡོདཔ་ཨིན་པས།
མི་དབང་ཞིང་གཤེགས་ བྷུ་མི་བཱོལ་ ཨ་དཱུལ་ཡ་དེཇ་མཆོག་གི་ མངོན་གསལ་ཆེ་བའི་ མཛད་བྱ་བཟང་ཤོས་༡ དཔལ་འབྱོར་རང་ལྡང་གི་ལྟ་བ་ གོང་འཕེལ་བཏང་མི་དེ་གིས་ འཛམ་གླིང་གོང་འཕེལ་གྱི་ མཚོན་དཔེ་ལུ་ གྱུར་ཡོད་མི་དེ་ཨིནམ་ད་ དཔལ་འབྱོར་རང་ལྡང་བཟོ་ནི་གི་ ལྟ་བ་དེ་གིས་ དེང་སང་གོང་འཕེལ་དང་ འགན་ཁུར་ཅན་སྦེ་སྤྱོད་ནི་ ཕྱིའི་རྒྱུད་བསྐུལ་ཚུ་ལས་ རྒྱབ་སྲུང་འབད་ནི་ལུ་ གཙོ་བོར་བཟུང་མི་ལུ་བརྟེན་ འཛམ་གླིང་གཅིག་གྱུར་མགྱོགས་དྲགས་འགྱོ་བའི་ དུས་ཚོད་ཚུ་ནང་ འཛམ་གླིང་ནང་འཁོད་ལུ་ འབྲེལ་གནད་ཅན་གྱི་ སྲིད་བྱུས་བཟང་པོ་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།
མི་དབང་ཞིང་གཤེགས་ བྷུ་མི་བཱོལ་ ཨ་དཱུལ་ཡ་དེཇ་མཆོག་གི་ བྱམས་བརྩེ་དང་ མ་འོངས་མངོན་གཟིགས་ དེ་ལས་ སྒེར་དོན་ལུ་གཟིགས་པ་མེད་པར་ ཆབ་སྲིད་སྐྱོང་གནང་མི་དེ་ མི་རབས་ལས་མི་རབས་བརྒྱུད་དེ་ ཇི་སྲིད་བསྐལ་བ་མ་སྟོང་གི་བར་དུ་ རྗེས་དྲན་སྦེ་ གནས་ནི་ཨིན་པས།
རྒྱལཔོ་བྷུ་མི་བཱོལ་ ཨ་དཱུལ་ཡ་དེཇ་མཆོག་ སྤྱི་ལོ་༢༠༡༦ ཟླ་༡༠ པའི་ཚེས་༡༣ ལུ་ བེང་ཀོག་སི་རི་རཱཇ་ སྨན་ཁང་ནང་སྦེ་ གཤགས་ཡོད་པའི་གནས་ཚུལ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *