ཐའི་ཌོག་ཊར་གྱིས་ མིག་ཏོ་ཞིབ་དཔྱད་འབད་བའི་བསྒང་།

ཐའི་དང་ འབྲུག་མཉམ་འབྲེལ་ཐོག་ལས་ མིག་ཏོ་གཤག་བཅོས་དང་ སྨན་བཅོས་འབད་དོ་ཡོདཔ།

༉ རྒྱལ་ཁབ་ནང་ ཐའི་གི་དགའ་སྟོན་བརྩི་སྲུང་དང་འབྲེལ་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ ཐའི་རེཌ་ཀོ་རོས་སོ་སའི་ཊི་གཉིས་ མཉམ་འབྲེལ་གྱི་ཐོག་ལས་ མིག་ཏོ་སྨན་བཅོས་དང་ གཤག་བཅོས་ཀྱི་ ལས་རིམ་དེ་ ཁ་ཙ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གློ་བུར་ཚབས་ཆེན་སྡེ་ཕྲན་གྱི་གདོང་ཁར་ སྣུམ་འཁོར་བཞག་སའི་ ས་ཁོངས་ནང་ལུ་སྦེ་ འགོ་འདྲེན་འཐབ་ཅི།
ཉིན་གྲངས་༣ གྱི་ མིག་ཏོ་སྨན་བཅོས་དང་ གཤག་བཅོས་ཀྱི་ ལས་རིམ་དེ་ གསོ་བའི་བློན་པོ་རྟ་མགྲིན་དབང་ཕྱུག་དང་ ཐའི་ལས་ འབྲུག་གི་གཞུང་ཚབ་ པཱམ་པི་མོན་སུ་ཝ་ནོ་པོ་དང་ ཆེ་མཐོའི་འགོ་དཔོན་ཚུ་གིས་ སྤྱི་ལོ་༢༠༡༨ ལུ་ ཐའི་གི་དགའ་སྟོན་འགོ་དང་པ་ འགོ་འབྱེད་འབད་ཡི།
ཐའི་ལས་ འབྲུག་གི་གཞུང་ཚབ་ པཱམ་པི་མོན་སུ་ཝ་ནོ་པོ་གིས་ བཤད་མི་དང་འཁྲིལཝ་ད་ ཐའི་ལེནཌི་དང་ འབྲུག་རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་དམ་ཟབ་ཡོདཔ་མ་ཚད་ གསོ་བ་དང་ མི་མང་འཕྲོད་བསྟེན་གྱི་ ཐད་ལས་འབད་རུང་ མཉམ་འབྲེལ་ཡང་ ལེགས་ཤོམ་སྦེ་ཡོད་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་ཀྱི་ གསོ་བའི་ལས་སྡེ་ ཡར་དྲགས་བཏང་ཐབས་ལུ་དམིགས་ཏེ་ ཐའི་གི་གཞུང་ཚབ་ཡིག་ཚང་གིས་ ཐའི་གི་དགའ་སྟོན་བརྩི་སྲུང་བཟུམ་ཅིག་སྦེ་ རྒྱལ་གཞུང་ཅུ་ལ་ལུང་ཀོང་བརྗེ་དྲན་སྨན་ཁང་ནང་ལས་ རྒྱལ་པོའི་སྲསམོ་ མ་ཧ་ཅག་རི་གི་ མིག་ཏོ་སྨན་བཅོས་སྡེ་ཚན་དེ་ འབོ་ཞིནམ་ལས་ འབྲུག་རྒྱལ་ཁབ་ནང་ མིག་ཏོ་གི་ ན་ཚ་འདྲ་མིན་སྣ་ཚོགས་ཡོད་མི་ཚུ་ སྨན་བཅོས་དང་ གཤག་བཅོས་འབད་ནི་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
གཤག་བཅོས་དང་ སྨན་བཅོས་ཀྱི་དོན་ལུ་ ཐའི་ལེནཌ་ལས་ ཌོག་ཊར་དང་ སྨན་གཡོགམོ་ ལས་བྱེདཔ་ཚུ་བརྩིས་ཏེ་ མི་༣༣ འོང་ཡོདཔ་ད དེ་བཟུམ་སྦེ་ གཙོ་བསྟེན་སྨན་ཁང་གི་ ཌོག་ཊར་དང་ སྨན་གཡགམོ་ཚུ་གི་ རྒྱབ་སྐྱོར་ཐོག་ལས་ ཁོང་གིས་ སྤྱི་ཟླ་༦ པའི་ཚེས་༢༥ ལས་༢༧ ཚུན་ འབྲུག་པའི་མི་སེར་ མིག་ཏོ་སྐྱོན་ཡོད་མི་ཚུ་ལུ་ སྨན་བཅོས་དང་ གཤག་བཅོས་ཚུ་འབད་ནི་ཨིན་པས།
ཐའི་གི་ དགའ་སྟོན་བརྩི་སྲུང་གྲངས་སུ་ ཐའི་རེཌ་ཀོ་རོས་གི་སོ་སའི་ཊི་དང་ རྒྱལ་རབས་ དེ་ལས་ གསོ་བའི་ལྟ་བཤལ་གྱི་ འགྲེམ་སྟོན་ཚུ་འབདཝ་ཨིན་པས།
གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ འབད་བ་ཅིན་ དུས་ཅི་ ཐའི་གི་དུས་སྟོན་དེ་ མིག་ཏོ་སྨན་བཅོས་དང་ གཤག་བཅོས་འབད་ནི་སྦེ་ འགོ་བཙུགས་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
ཐའི་རེཌ་ཀོ་རོས་སོ་སའི་ཊི་དང་ གསོ་བའི་ལྷན་ཁག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་༢ མཉམ་འབྲེལ་ཐོག་ལས་ མིག་ཏོ་སྨན་བཅོས་དང་ གཤག་བཅོས་ཀྱི་ལས་རིམ་ འགོ་འདྲེན་འཐབ་མི་དེ་ ཐེངས་༢ པ་ཨིན་ཟེར་ཨིན་པས།
སྤྱི་ལོ་༡༩༨༩ ལུ་ ཐའི་དང་ འབྲུག་རྒྱལ་ཁབ་གཉིས་ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་ འགོ་བཙུགས་ཞིནམ་ལས་ཚུར་ མཉམ་འབྲེལ་མང་རབས་ཅིག་ འབད་མིའི་གྲས་ལས་ གསོ་བའི་ལས་སྡེ་ལུ་ ཕན་སྦོམ་ཐོགས་ཅི་ཟེར་ཨིན་པས།
འབྲུག་པའི་མི་སེར་ཚུ་ ཐའི་གིས་ རྒྱབ་སྐྱོར་ཐོག་ལས་ མིག་ཏོ་དང་རྣམ་ཅོག་གི་ སྨན་བཅོས་ཐེངས་༧ དེ་ཅིག་ འགོ་འདྲེན་འཐབ་མི་གིས་ ཕན་ཐོགས་སྦོམ་ར་བྱུང་ཡི་ཟེར་ བློན་པོ་གིས་ བཤད་ཅི།
མིག་ཏོ་གི་ གཤག་བཅོས་དང་ སྨན་བཅོས་ཚར་༢ འགོ་འདྲེན་འཐབ་མི་གིས་ མི་སེར་༡༩༢ ལུ་ གཤག་བཅོས་དང་ མི་༢,༠༠༠ ལྷགཔ་ཅིག་ལུ་ བརྟག་དཔྱད་དང་ སྨན་བཅོས་ཚུ་འབད་ནུག།
ལས་རིམ་དེ་གིས་ མི་སེར་ཚུ་ལུ་ ཕན་ཐོགས་བྱུངམ་མ་ཚད་ འབྲུག་པའི་སྨན་གཡགམོ་དང་ སྨན་ཁང་གི་ ལས་བྱེདཔ་ཚུ་ལུ་ཡང་ ཁྱད་རིག་གི་ ཡོན་ཏན་ཐོབ་ཚུགས་པས་ཟེར་ཨིན་པས།
ད་ལྟོ་འགོ་འདྲེན་འཐབ་མིའི་ ལས་རིམ་དེ་གིས་ མིག་ཏོ་གི་ དཀའ་ངལ་ཡོད་མི་ཚུ་ལུ་ ཕན་ཐོགས་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *