ཁུ་རུ་རྩེད་མི་ཚུ་ གསོལ་རས་ལེན་ནིའི་དོན་ལུ་ སྒུག་སྡོད་པའི་བསྒང་།

ཐབ་ཐོབ་བོ་ཟོང་སྡེ་ཚན་གྱིས་ ཁུ་རུའི་རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་༢༣ ལུ་ བསམ་གྲུབ་ལྗོངས་མཁར་ལུ་ ཉིནམ་༡ གི་རིང་ འགོ་འདྲེན་འཐབ་མི་ སྤྱིར་བཏང་ཁུ་རུའི་ རྩེད་འགྲན་ནང་ བསམ་གྲུབ་ཆོས་གླིང་དྲུང་ཁག་ལས་ ཐབ་ཐོབ་བོ་ཟོང་སྡེ་ཚན་གྱིས་ སྐུགས་༦ ཐོབ་སྟེ་ ཨང་དང་པ་ཐོན་ཡི།

མཐའ་བཅད་འགྲན་བསྡུར་ནང་ ཐབ་ཐོབ་བོ་ཟོང་དང་ སྒོམ་དར་ལས་ དགའ་ལྡན་ཨེ་ཏོག་མེ་ཏོག་ དེ་ལས་ མོ་རོང་ལས་ ཨོམ་ཕུག་སྡེ་ཚན་༣ གྱི་བར་ན་ རྩེད་འདྲན་འབད་ཡོདཔ་ད་ འགྲན་སྡུར་དེ་ཡང་ དགའ་མཐུན་ཡར་འཁྱིལ་སྤུན་གྲོགས་ཀྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

རྩེད་འགྲན་ནང་ སྡེ་ཚན་༣༡ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ སྡེ་ཚན་རེ་ནང་ རྩེད་མི་༥ རེ་ཡོདཔ་བཞིན་དུ་ སྡེ་ཚན་གསུམ་གསུམ་རེ་བགོ་སྟེ་ དྲོ་པའི་ཆུ་ཚོད་༩ དང་སྐར་མ་༤༠ དེ་ཅིག་ རྩེད་འགྲན་འབད་བའི་སྐབས་ ཐབ་ཐོབ་བོ་ཟོང་དང་ ཨོམ་ཕུག་ དེ་ལས་ དགའ་ལྡན་ཨེ་ཏོག་མེ་ཏོག་༣ གྱིས་ མཐའ་བཅད་འགྲན་བསྡུར་ནང་ ལྷོད་ཅི།

སྡེ་ཚན་རེ་གིས་ བསྐོར་ཐེངས་༡༥ རེ་ཨིན་རུང་ མཐའ་བཅད་འགྲན་བསྡུར་ནང་ བསྐོར་ཐེངས་༧ རེ་ཨིནམ་ད་ སྡེ་ཚན་༣ གྱི་བར་ན་ མཐའ་བཅད་རྩེད་འགྲན་འབད་བའི་སྐབས་ རྩེད་འགྲན་སྤྲོ་བ་ཆེ་ཏོག་ཏོ་སྦེ་ བྱུང་མི་ལུ་བརྟེན་ བསྐོར་ཐེངས་༧ མཇུག་བསྡུཝ་ད་ ཐབ་ཐོབ་བོ་ཟོང་གིས་ སྐུགས་༦ དང་ གཞན་མི་༢ ཀྱིས་སྐུགས་༢ རེ་ལས་ ཐོབ་མ་ཚུགས།

ཐབ་ཐོབ་བོ་ཟོང་སྡེ་ཚན་གྱིས་ སྐུགས་༦ ཐོབ་སྟེ་ ཨང་དང་པ་ཐོན་ཡོད་རུང་ སྡེ་ཚན་གཞན་མི་༢ ཀྱིས་ སྐུགས་འདྲན་འདྲ་ཐོབ་ཡོདཔ་ལས་ ཨང་༢ པ་དང་༣ པའི་དོན་ལུ་ ད་རུང་ བསྐོར་ཐེངས་༣ ཐེབས་བྱིན་ཏེ་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ དགའ་ལྡན་ཨེ་ཏོག་མེ་ཏོག་གིས་ སྐུགས་༦ ཐོབ་སྟེ་ ཨང་༢ པ་དང་ ཨོམ་ཕུག་སྡེ་ཚན་གྱིས་ ཨང་༣ པ་ཐོབ་ཅི།

ཨང་དང་པ་ཐོན་མི་ མི་ངོམ་རེ་ལུ་ གསོལ་རས་ཁྱེགས་སྒྲོམ་རེ་དང་ ཨང་༢ པ་ལུ་ གོ་ལ་འཁྱུ་འཕྲུལ་རེ་ དེ་ལས་ ཨང་༣ པ་ཐོན་མི་ལུ་ རྒྱང་མཐོང་ཊི་བི་རེ་ བྱིན་ཡོདཔ་ད་ འགྲན་བསྡུར་གྱི་དོན་ལུ་ སྡེ་ཚན་རེ་གིས་ འཛུལ་འཐུས་དངུལ་ཀྲམ་༥༥༠ རེ་ སྤྲོད་ཡོདཔ་ཨིན་པས།

འགོ་འདྲེན་པ་ ཀུན་དགའ་རྣམ་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ དུས་ཅི་ འགྲན་བསྡུར་འགོ་དང་པ་ འགོ་འདྲེན་འཐབ་མི་དེ་ཡང་ མི་དབང་རྒྱལ་སྲས་མཆོག་གི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་ཞུ་ནིའི་དོན་ལུ་ཨིནམ་ལས་ སྡེ་ཚན་༤༠ དང་༥༠ དེ་ཅིག་གིས་ བཅའ་མར་གཏོགས་ཚུགས་པའི་ རེ་བ་བསྐྱེད་ཅི་ཟེར་ཨིན་པས།

འགྲན་བསྡུར་དེ་ཡང་ ད་ལས་ཕར་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ འགྲན་བསྡུར་ནང་ བདེ་བ་ཐང་དང་ བསམ་གྲུབ་ཆོས་གླིང་ སྒོམ་དར་ བསམ་གྲུབ་ལྗོངས་མཁར་ ཨ་རོང་ འུ་གླིང་ དེ་ལས་ པདྨ་དགའ་ཚལ་ལ་སོགས་པ་ཚུ་ལས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *