ཏོག་གོ་ས་ཅན་གྱི་ གནས་རིམ་ནང་ འདྲ་ མཉམ་ཡོདཔ་ཨིན་ན?

༉ འབྲུག་རྒྱལ་ཁབ་ནང་ ཕོ་མོའི་བར་ན་ ཉེ་རིང་ཕྱེ་ནི་མེདཔ་མ་ཚད་ དམིགས་བསལ་དུ་ ཨམ་སྲུ་ཚུ་ལུ་ ཐོབ་དབང་དང་ ཉེན་སྐྱོབ་ཚུ་ཡོདཔ་ཨིན།
སྲིད་བྱུས་དང་ ཁྲིམས་ཀྱི་ཐད་ལས་འབད་རུང་ ཕོ་མོ་གཉིས་ཆ་ར་ འདྲ་མཉམ་སྦེ་ བརྩི་འཇོག་འབད་དེ་ཡོདཔ་ཨིན་རུང་ ཏོག་གོ་ས་ཅན་གྱི་ གནས་རིམ་ནང་ འབད་བ་ཅིན་ ཨམ་སྲུ་གྱངས་ཁ་ཆོདཔ་ཅིག་ལས་བརྒལ་ མེད་པའི་ཁར་ སྤྱི་ཚོགས་ནང་ འཐུས་མི་སྦེ་ ཕྱག་ཞུ་མི་ ཨམ་སྲུ་བརྒྱ་ཆ་༡༦ མ་གཏོགས་མེདཔ་མ་ཚད་ ས་གནས་གཞུང་གི་ འགོ་ཁྲིདཔ་སྦེ་ ཕྱག་ཞུ་མི་ ཨམ་སྲུ་བརྒྱ་ཆ་༡ རྐྱངམ་གཅིག་ཨིན་མས།
ད་རུང་ ཞི་གཡོག་གི་ བཀོད་ཁྱབ་གནས་རིམ་ནང་བལྟ་རུང་ ཨམ་སྲུ་བརྒྱ་ཆ་༡༢.༥ ལས་བརྒལ་ མེད་མི་ལུ་བལྟ་བ་ཅིན་  ཕོ་མོའི་བར་ན་ ཁྱད་པར་སྦོམ་སྦེ་ར་ ཆགས་ཏེ་འདུག།
ང་བཅས་ཀྱི་ འཇིག་རྟེན་པའི་ དཔྱེ་གཏམ་ནང་ ཕོ་ཞན་རུང་བྱིན་མི་ མོ་དྲག་རུང་ལེན་མི་ཟེར་ སླབ་སྲོལ་ཡོད་མི་ལུ་བརྟེན་ ཕོ་མོའི་བར་ན་ ཐོབ་དབང་འདྲ་མཉམ་མེད་པའི་ བརྡ་མཚོན་སྟོནམ་མས།
འདི་བཟུམ་མའི་ མནོ་ལུགས་ཀྱིས་ ཨམ་སྲུ་ཚུ་ ཕོ་སྐྱེས་དང་འདྲ་མཉམ་མེད་པའི་ གདོང་ལེན་བྱུང་སྟེ་ཡོདཔ་མ་ཚད་ གྲོང་གཡུས་ཚུ་ནང་འབད་རུང་ གལ་སྲིད་ ཨམ་སྲུ་ཅིག་གིས་ ས་གནས་གཞུང་གི་ འགོ་ཁྲིདཔ་འབད་ནིའི་དོན་ལུ་ བཙག་འཐུ་ནང་ དོ་འགྲན་འབད་བ་ཅིན་ མི་སྡེའི་ནང་ལས་ དམིགས་བསལ་དུ་ ཨམ་སྲུ་ཚུ་ལས་ རྒྱབ་སྐྱོར་ཆུངམ་ཨིན་མས།
ད་རུང་ མི་སྡེའི་ནང་ ཨམ་སྲུ་ཚུ་གི་ འགན་ཁུར་ངོ་མ་ ཁྱིམ་ནང་སྡོད་ཐོག་ལས་ བཟའ་ཚང་སྐྱོང་ནི་དང་ ཕ་གཞིས་བདག་འཛིན་འཐབ་མི་ཨིནམ་ལས་ མི་སྡེའི་འགོ་ཁྲིདཔ་དང་ ཏོག་གོ་ས་འཆང་ནིའི་ཐད་ལུ་ ཕོ་སྐྱེས་ཚུ་གི་ འགན་ཁུར་ཨིནམ་སྦེ་ དང་ཕུའི་མནོ་ལུགས་ཡོད་མི་དེ་གིས་ ཨམ་སྲུ་ཚུ་ ཏོག་གོ་སའི་དོན་ལུ་ མདུན་སྐྱོད་འབད་ནི་ལུ་ ཐོ་ཕོགཔ་ཨིན་མས།
གདོང་ལེན་དེ་ཚུ་ལུ་བརྟེན་ ཨམ་སྲུ་ཚུ་གི་ གནས་སྟངས་ཡར་དྲག་དང་ ཕོ་མོ་འདྲ་མཉམ་གོང་འཕེལ་གཏང་ནི་གི་ རྒྱབ་སྐྱོར་འབད་ནི་དང་ ལམ་སྟོན་འབད་ཐབས་ལུ་ རྒྱལ་ཡོངས་ཨ་ལོ་དང་ཨམ་སྲུ་ལྷན་ཚོགས་ཀྱིས་ ཕོ་མོ་འདྲ་མཉམ་གྱི་ རྒྱལ་ཡོངས་དང་ལེན་འཆར་གཞི་༢༠༡༩-༢༣ ཅན་མ་བརྩམ་ནི་ འགོ་བཙུགས་མི་དེ་ ཕྱིསནི་མ་ཤེས་ ཧ་མ་དྲགས་པས།
དང་ལེན་འཆར་གཞི་ཟིན་འགོད་འབད་མི་དེ་ཡང་ རྒྱལ་ཡོངས་ཕོ་མོ་འདྲ་མཉམ་སྲིད་བྱུས་ དོན་སྨིན་ཅན་ཅིག་སྦེ་ ལག་ལེན་འཐབ་ནི་དང་ ཕོ་མོ་འདྲ་མཉམ་གྱི་ གཞི་དོན་གཙོ་བོ་༡༢ འགྲུབ་ཐབས་ལུ་ཨིན་མས།
དང་ལེན་འཆར་གཞི་ལུ་བརྟེན་ ཨམ་སྲུ་ཚུ་ལུ་ ནང་འཁོད་རྩུབ་སྤྱོད་དང་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་བའི་ གནད་དོན་ཚུ་ མར་ཕབ་འབད་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིནམ་མ་ཚད་ གཞུང་སྐྱོང་ལེགས་ལྡན་གནས་ཚད་ནང་ ཨམ་སྲུའི་གྲལ་གཏོགས་ ཡར་དྲག་གཏང་ནི་ལུ་ཡང་ ཕན་ཁྱད་འབྱུང་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་མས།
ཨིན་རུང་ ང་བཅས་འབྲུག་མི་ཚུ་ སྲིད་བྱུས་བརྩམ་ནི་དང་ ཁྲིམས་ཟིན་འགོད་འབད་ནི་ཚུ་ནང་ མཁས་དྲགས་ཡོད་རུང་ བསྟར་སྤྱོད་ནང་ལྷོདཔ་ད་ འཐུས་ཤོར་ནི་ཡོད།
མ་གཞི་ རྒྱལ་ཡོངས་དང་ལེན་འཆར་གཞི་གྲ་སྒྲིག་འབད་དགོཔ་འདི་ དུས་ཀྱི་འཕོ་འགྱུར་དང་འཁྲིལཝ་ད་ ཁག་ཆེཝ་ཨིན་རུང་ ཕོ་མོའི་ཐོབ་དབང་དང་ ལཱ་གཡོག་གི་ གོ་སྐབས་ཚུ་ འདྲ་མཉམ་བཟོ་དགོ་པ་ཅིན་ ང་བཅས་རའི་ མི་སྡེའི་ནང་ དང་ཕུའི་མནོ་ལུགས་ངན་པ་དེ་ རྩ་མེད་བཟོ་དགོཔ་བཞིན་དུ་ འདི་གི་དོན་ལུ་ ཤེས་ཡོན་དང་ གོ་བརྡ་ཚུ་ གང་མང་འགོ་འདྲེན་འཐབ་དགོ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *