ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས།

དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ ཁས་བླངས་པ་ཚུ་ལུ་ ནི་ཀོ་ཊེགསི་ཟེར་མི་ ཏམ་ཁུ་ནང་གི་རྫས་སྦྱོར་ཡོད་པའི་ རྨུ་ནིའི་སྨན་ལེབ་དེ་ བྱིན་དོ་ཡོདཔ་ཨིན་པས།

ལྟེ་བའི་འགོ་འཛིན་པ་ ཚེ་དབང་རྒྱལ་མོ་གིས་ སླབ་མིའི་ནང་ ཤོག་སྒམ་རེ་ནང་ སྨན་ལེབ་༩ རེ་ཡོདཔ་ད་ སྨན་ལེབ་ཚུ་ཡང་ འགོ་ཐོག་ལུ་ བརྟག་ཞིབ་འབད་ཞིནམ་ལས་ རང་སོའི་གནས་ཚད་དང་འཁྲིལ་ཏེ་ བཀྲམ་སྤེལ་འབད་དོ་ཡོདཔ་བཞིན་དུ་ སྨན་ལེབ་དེ་ ཏམ་ཁུ་འཐུང་དགོ་མནོ་བའི་སྐབས་དང་ བཱ་བཱ་ལ་སོགས་པའི་ཏམ་ཁུ་ ཟ་དགོ་མནོཝ་ད་ ལག་ལེན་འཐབ་དགོ་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ མི་རེ་ལུ་ བདུན་ཕྲག་༡ གི་ ནང་འཁོད་ ཟ་ནིའི་དོན་ལུ་ སྒམ་༧ རེ་ སྤྲོད་པའི་ཁར་ ཏམ་ཁུའི་རིགས་མངམ་སྦེ་ སྤྱོད་མི་ཚུ་ལུ་ བདུན་ཕྲག་༨ ཀྱི་རིང་ བྱིནམ་ཨིན་རུང་ ཏམ་ཁུ་ལུ་ ཤུགས་མ་ཐལ་མི་ཚུ་ལུ་ བདུན་ཕྲག་༤ གི་རིང་ ཚད་འཛིན་འབད་དེ་ ཟ་བཅུག་དོ་ཡོདཔ་ཨིན་པས།

ལྟེ་བ་དེ་ནང་ ཞབས་ཏོག་དེ་ སྤྱི་ཟླ་༨ པ་མཇུག་བསྡུ་ཁམས་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ཚུན་ བདུན་ཕྲག་༣ དེ་ཅིག་གི་ནང་འཁོད་ ཞབས་ཏོག་སྤྱོད་མི་ཁས་བླངས་པ་༢༤ ཐོན་ཡོདཔ་ཨིན་པས།

ཆང་དང་ སྨྱོ་རྫས་ལྟེ་བའི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ད་ལྟོ་ ཡིག་ཚང་གི་གདོང་ཁར་ ཞབས་ཏོག་ཡོད་པའི་སྐོར་ལས་ བརྡ་བྱང་གུ་ སྦྱར་ཡོདཔ་མ་ཚད་ ལུང་ཕྱོགས་ཡིག་ཚང་གི་ འགོ་དཔོན་ཚུ་ཡོད་པའི་ མི་སྡེ་བརྡ་བརྒྱུད་ཀྱི་ སྡེ་ཚན་ནང་ཡང་ བརྡ་སྤྲོད་འབད་བའི་ཁར་ གདོང་ཁར་ཕྱད་མི་ཚུ་ལུ་ གོ་བརྡ་སྤྲོད་དོ་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ འབད་བ་ཅིན་ ད་ལས་ཕར་ ཏམ་ཁུ་བཅད་ནིའི་ མནོ་བསམ་ཡོད་མི་ཚུ་གིས་ ཐད་ཀར་དུ་ གདོང་ཁར་འཐོན་ཏེ་ ཞབས་ཏོག་ལེན་འོང་མནོ་བའི་རེ་བ་ཡོདཔ་ད་ འགྲོས་ཀྱིས་སྦེ་ ཞབས་ཏོག་གི་སྐོར་ལས་ ཤེས་ཞིནམ་ལས་ དེ་ནང་འོང་མིའི་གྱངས་ཁ་ཡང་ ཡར་འཕར་འགྱོ་ནིའི་རེ་བ་ཡོད་ཟེར་ཨིན་པས།

ལྟེ་བའི་འགོ་འཛིན་པ་གིས་ སླབ་མིའི་ནང་ ཏམ་ཁུའི་རྫས་སྦྱོར་སླ་བསྲེ་ཡོད་མི་ སྨན་ལེབ་ཟ་བཅུག་བཞིནམ་ལས་ ཏམ་ཁུ་བཅད་ནིའི་ཐབས་བྱུས་དེ་ འགོ་དང་པ་ ཐིམ་ཕུག་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ རྒྱལ་ཁབ་གཞན་ཚུ་ནང་ཡང་ ལག་ལེན་འཐབ་སྟེ་ མཐར་འཁྱོལ་བྱུང་སྟེ་ཡོད་ཟེར་ཨིན་པས།

ཐོ་བཀོད་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་༡ པ་ལས་༩ པ་ཚུན་ ལྟེ་བ་དེ་ནང་ ཏམ་ཁུ་དང་ ཆང་དང་ སྨྱོ་རྫས་སྤྱོད་མི་༤༤ འོང་མིའི་གྲས་ལས་ སྐྱེས་ལོ་༡༦ དང་༣༢ ཀྱི་ བར་ན་འབད་མི་ ཚུ་གི་གྲས་ལས་ མཐོ་ཤོས་མི་གྲངས་༣༣ དེ་ཅིག་ ན་གཞོན་ཚུ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *