ཏམ་ཁུའི་བཅའ་ཁྲིམས་ འཕྲི་སྣོན་འབད་མི་དེ་ ཏམ་ཁུ་འཐུང་མི་ ཡར་སེང་འབད་ནིའི་དོན་ལུ་ དམིགས་ཏེ་མེནམ།

༉ འདས་པའི་སྤྱི་ཚོགས་སྐབས་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་ འཕྲི་སྣོན་འབད་མི་དང་བསྟུན་ ད་ལས་ཕར་ འཆང་སྤྱོད་འབད་ཆོགཔ་སྦེ་ བཟོ་ཡོད་རུང་ ཏམ་ཁུ་ལོངས་སྤྱོད་ནི་ཨིན་ན་དང་ ཡང་ཅིན་ བཤོལ་བཞག་ནིའི་ཐད་ཁར་ མི་ངོམ་རང་སོ་ལུ་ རག་ལས་ཟེར་ཨིན་པས།

དེ་ཡང་ བློན་ཆེན་ཌོག་ཊཪ་ བློ་གྲོས་ཚེ་རིང་གིས་ འདས་པའི་དྲི་བ་དྲིས་ལན་ཅིག་ འབད་བའི་སྐབས་ལུ་ གསུངས་ཡོདཔ་ཨིན།

བློན་ཆེན་གྱིས་འབད་བ་ཅིན་ སྤྱིར་བཏང་མི་ཚུ་གིས་ ཏམ་ཁུ་ལག་ལེན་འཐབ་ནི་དེ་ མ་བཏུབ་ཨིན་པའི་སྐོར་ལས་ ལེགས་ཤོམ་སྦེ་ ཤེས་དོ་ཡོདཔ་ལས་ འདི་ལག་ལེན་འཐབ་མི་ཆོག་ཟེར་བའི་ ཁྲིམས་ལུགས་ཀྱི་སྒོ་ལས་མེན་པར་ མི་ངོམ་རང་སོ་གིས་ ཧ་གོ་སྟེ་ ལག་ལེན་འཐབ་ནི་ལས་ འཛེམ་ཚུགས་པའི་མི་སྡེ་ཅིག་ བཟོ་ནི་སྦེ་ཨིན་ཟེར་ཨིན་པས།

ད་ལྟོ་ཚུན་འབད་རུང་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་དེ་གིས་ རྒྱལ་ཁབ་ནང་ ཉིན་བསྟར་བཞིན་དུ་ མི་གྲངས་༢༠ ལས་བཅད་དེ་ འཛིན་བཟུང་འབད་བའི་སྒོ་ལས་ གནོད་པ་བྱུང་ཡོདཔ་མ་གཏོགས་ ཕན་ཐོགས་བྱུང་བྱུངམ་ མེད་ཟེར་ཨིན་པས།

དེ་འབད་ནི་འདི་གིས་ ཏམ་ཁུ་ཚུ་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགསཔ་བཟོ་བའི་ཁར་ ཏམ་ཁུ་ལག་ལེན་འཐབ་པ་ཅིན་ ལེགས་ཤོམ་མེན་ཟེར་མི་དེ་ ཧ་གོ་སྟེ་ ཏམ་ཁུ་འཐུང་མིའི་གྱངས་ཁ་ མར་ཕབ་འབད་ནི་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།

ཨིན་རུང་ སྤྱི་ཚོགས་ནང་ གསུང་གྲོས་གནང་བའི་སྐབས་ལུ་ ཏམ་ཁུའི་བཅའ་ཁྲིམས་ འཕྲི་སྣོན་མཛད་དགོ་མི་དེ་ གཙོ་བོ་ར་ མི་ཚུ་གིས་ ས་མཚམས་ས་ཁོངས་ཚུ་ནང་ལས་ ཏམ་ཁུ་ནག་ཚོང་འཐབ་མི་ལུ་བརྟེན་ རྒྱལ་ཁབ་ནང་ ནད་ཡམས་ཁྱབ་སྤེལ་འགྱོ་དོ་ཡོདཔ་ལས་ ཚད་འཛིན་འབད་ནིའི་དོན་ལུ་ཨིན་ཟེར་ གསལ་ཞུ་འབད་ཡི།

བློན་ཆེན་གྱིས་འབད་བ་ཅིན་ ཧེ་མ་གི་ ཏམ་ཁུའི་བཅའ་ཁྲིམས་དེ་ ལེགས་ཤོམ་སྦེ་མཇལ་བ་ཅིན་ ཏམ་ཁུ་ཉོ་ནི་དེ་ བཀག་ཆ་འབད་དེ་མེད་ཟེར་ཨིནམ་ད་ དེ་ཡང་ རང་རྒྱལ་ཁབ་ཀྱི་ཕྱི་ཁར་སོང་སྟེ་ བཅའ་ཁྲིམས་ནང་བཀོད་མི་ ཚད་དང་ལྡནམ་ཅིག་ ཉོ་ཆོགཔ་སྦེ་ ཡོད་ཟེར་ཨིན་པས།

ཁྲོམ་ཁར་ ཏམ་ཁུ་འཐོབ་ནིའི་ཚད་གཞི་དང་ ཏམ་ཁུ་འཐུང་མིའི་ གྱངས་ཁ་ཚུ་འབད་རུང་ ཡར་སེང་འགྱོ་བཞིན་དུ་ཡོདཔ་ད་ ད་རེས་ འཕྲི་སྣོན་འབད་མི་དེ་ ཏམ་ཁུ་འཐུང་མིའི་གྱངས་ཁ་ ཡར་སེང་འབད་ནིའི་དོན་ལུ་དམིགས་ཏེ་ རྩ་ལས་མེན་ཟེར་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ ད་རེས་ ཞིབ་དཔྱད་སྒོ་ར་ཚུ་གིས་ ཉམས་མྱོང་བཤད་མི་དང་འཁྲིལཝ་ད་ འབྲུག་མི་འབད་བ་ཅིན་ འཛིན་བཟུང་འབད་བའི་ཤུལ་ལས་ དོ་དམ་འོག་ལུ་ བཙུགས་བཞགཔ་ད་ མ་བཏུབ་ཅིག་མེད་རུང་ ཕྱི་མི་འབད་བའི་བསྒང་ལས་ བྱ་སྟབས་མ་བདེཝ་སྦོམ་སྦེ་ར་ ཐོན་དོ་ཡོདཔ་སྦེ་ སླབ་མས་ཟེར་ཨིན་པས།

དེ་དང་འཁྲིལ་ ཧེ་མར་ འབྲུག་མི་ཚུ་ རྒྱལ་ཁབ་ཀྱི་ཕྱི་ཁར་འབད་བའི་ གཞུང་ལམ་ཚུ་བརྒྱུད་དེ་ འགྲོ་འགྲུལ་འབད་བའི་སྐབས་ གནོད་པ་རྐྱབ་མི་ཚུ་ འབྲུག་གིས་ ཏམ་ཁུ་དང་འབྲེལ་བའི་ གནད་དོན་ཚུ་ནང་ འཛིན་བཟུང་འབད་མི་ཚུ་ མེན་ན་ཟེར་བའི་ དོགས་སྣང་བྱུངམ་མས་ཟེར་ཨིན་པས།

མ་གཞི་ ད་ལྟོ་ཚུན་ འབྲུག་ལུ་ ཏམ་ཁུ་བཀག་དམ་འབད་དེ་ཡོད་ཟེར་ དཔའ་ཉམས་སྦོམ་བསྐྱེད་སྡོད་པའི་ཤུལ་ལུ་ ད་རེས་ ཏམ་ཁུའི་བཅའ་ཁྲིམས་དེ་ འཕྲི་སྣོན་འབད་ནི་ཟེརཝ་ད་ རྒྱལ་སྤྱི་ལས་ ཁ་བཏང་མི་འཐོན་འོང་ཟེར་བའི་ གནད་དོན་ཚུ་ཡང་ ལེ་ཤ་ཐོན་ཡོད་རུང་ བཅའ་ཁྲིམས་དེ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་སྟེ་ རྒྱལ་ཁབ་ལུ་ ཕན་ཐོགས་བྱུང་བྱུངམ་མེདཔ་ལས་ ཚ་གྱང་ལང་དགོཔ་མེདཔ་སྦེ་ སླབ་ཅི་ཟེར་ བློན་ཆེན་གྱིས་ གསུངསམ་ཨིན་པས།

འབྲུག་གི་ཏམ་ཁུ་དམ་འཛིན་བཅའ་ཁྲིམས་དེ་ འགོ་དང་པ་ སྤྱི་ལོ་༢༠༡༠ ལུ་ བཟོ་ཡོདཔ་ད་ དེ་གི་ཤུལ་ལས་ཡང་ གནས་སྟངས་དང་འཁྲིལ་ དུས་ཅི་ཚུན་འབདཝ་ད་ ལན་ཐེངས་དག་པ་ཅིག་ར་ འཕྲི་སྣོན་འབད་ཡོདཔ་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *