ཏམ་ཁུའི་བཅའ་ཁྲིམས་འཕྲི་སྣོན་འབད་རུང་ ནག་ཚོང་གི་ གོ་སྐབས་མེདཔ་བཟོ་དགོ།

༉ ད་རིས་ གཞུང་གིས་ འབྲུག་གི་ཏམ་ཁུ་དམ་འཛིན་བཅའ་ཁྲིམས་༢༠༡༤ ཅན་མ་དེ་ སྤྱི་ཚོགས་ནང་ འཕྲལ་མཁོའི་དཔྱད་ཡིག་སྦེ་ བཙུགས་ཐོག་ལས་ བསྒྱུར་བཅོས་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་མི་དེ་ཡང་ ཏམ་ཁུ་དང་འབྲེལ་བའི་ དཀའ་ངལ་དེ་ ནད་ཡམས་ཀོ་བིཌ་-༡༩ ཁྱབ་སྤེལ་ལུ་ ལྷན་ཐབས་དང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ ཐོ་བཀལ་མི་ཅིག་ལུ་ གྱུར་ཡོད་མི་ལུ་བརྟེན་ འོང་ནི་ཨིན་མས།

མ་གཞི་ གཞུང་གི་ཧོངས་ལས་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་ འཕྲི་སྣོན་འབད་དགོ་པའི་ གནད་ཁུངས་ག་ཅི་ཨིན་ན་ གསལ་བཀོད་མ་འབད་རུང་ ད་རེས་ནངས་པར་ ཏམ་ཁུའི་ནག་ཚོང་འཐབ་མི་ ཡར་འཕར་སོང་ཡོདཔ་མ་ཚད་ རྒྱལ་སྤྱི་ས་མཚམས་ཚུ་ ན་ཧིང་ སྤྱི་ཟླ་༣ པའི་ཚེས་༢༣ ལས་ སྒོ་བསྡམས་ཡོད་རུང་ ནག་ཚོང་འཐབ་མི་ཚུ་གིས་ ས་མཚམས་བརྒལ་ཏེ་ འགྱོ་ཞིནམ་ལས་ ཏམ་ཁུ་དང་ སྨྱོ་རྫས་ཚུ་ འབག་འོངམ་ད་ ཀོ་བིཌ་-༡༩ རྒྱལ་ཁབ་ནང་བསྐྱལ་བའི་ གནད་དོན་ཐོན་མི་ལུ་བརྟེན་ འོང་ནི་བཟུམ་འདུག།

ཏམ་ཁུའི་གནད་དོན་དེ་ སྤྱི་ལོ་༢༠༠༨ ལུ་ འབྲུག་འདི་ དམངས་གཙོའི་གཞུང་ལུ་ སོར་བསྒྱུར་མ་འབད་བའི་ ཧེ་མ་ལས་ར་ཡོདཔ་ད་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ མི་མང་འཕྲོད་བསྟེན་གྱི་ དཀའ་ངལ་སེལ་ཐབས་ལུ་དམིགས་ཏེ་ ཏམ་ཁུ་དམ་འཛིན་གྱི་གཞི་བཀོད་མཐུན་གྲོས་བརྩམས་མི་དེ་ འབྲུག་གིས་ སྤྱི་ལོ་༢༠༠༤ ལུ་ མཐུན་གྲོས་དེ་ལུ་ ངོས་ལེན་ཡོད་པའི་ རྒྱབ་སྣོན་འབད་བའི་ ལོ་དེ་ནང་ར་ ཏམ་ཁུ་ལག་ལེན་བཀག་ཐབས་ལུ་ རྒྱལ་ཡོངས་ནང་ ཏམ་ཁུ་ཉོ་བཙོང་བཀག་དམ་འབད་ཡི།

དེ་འབདཝ་ལས་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ འབྲུག་འདི་ ཏམ་ཁུ་ལག་ལེན་དང་ ཉོ་བཙོང་མེད་པའི་ རྒྱལ་ཁབ་དང་པ་སྦེ་ ངོས་འཛིན་ཐོག་ གཟེངས་བསྟོད་ཀྱི་ རྟགས་མ་ཡང་ཕུལ་ནུག།

དེ་བསྒང་ ཏམ་ཁུ་ཉོ་བཙོང་བཀག་དམ་འབད་ཞིནམ་ལས་ཚུར ཚོང་ཁྲོམ་ནང་ ནག་ཚོང་འགོ་བཙུགས་མི་དང་བསྟུན་ གཞུང་གིས་ སྤྱི་ལོ་༢༠༡༠ ལུ་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་ ཆ་འཇོག་གྲུབ་ཞིནམ་ལས་ཚུར་ ནག་ཚོང་ཡར་འཕར་ སོང་ཡོདཔ་ལས་ ཏམ་ཁུ་ལག་ལེན་མེད་པའི་ རྒྱལ་ཁབ་ཀྱི་ མིང་གཏམ་ཐོབ་མི་དེ་ དགོད་བྲ་བཟུམ་ཅིག་ལུ་གྱུར་བའི་ མངོན་གསལ་བྱུངམ་མས།

སྤྱི་ཚོགས་ཀྱིས་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་ཚར་རེ་ འཕྲི་སྣོན་འབདཝ་ད་ ནག་ཚོང་དམ་འཛིན་མེན་པར་ ཧེང་སྐལ་ར་ འཕྱེལ་འགྱོཝ་ཨིན་མས།

འབྲུག་མཉམ་རུབ་ཚོགས་པ་གཞུང་གིས་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོན་པའི་ཤུལ་ལས་ ས་མཚམས་ཕར་ཚུར་ ཏམ་ཁུ་དང་ སྨྱོ་རྫས་ཚུ་ ནག་ཚོང་འཐབ་མི་ མངམ་ཐོན་ཡོད་མི་དེ་ ཐུགས་ཁར་བསྣམས་ཏེ་ འཛིན་སྐྱོང་བཀའ་རྒྱ་བཏོན་ཐོག་ལས་ གནས་སྐབས་ཅིག་ འབྲུག་ཁྲལ་ཡངས་ཚོང་ལས་ཚད་འཛིན་ལས་ ཁྲལ་བརྒྱ་ཆ་༡༠༠ ཐོག་ ཏམ་ཁུ་བཙོང་ཆོགཔ་ བཟོ་ཡོད་རུང་ ལྷག་པར་དུ་ ཏམ་ཁུའི་ནག་ཚོང་ཡར་འཕར་སོང་ནུག།

ཏམ་ཁུ་ཚུ་ ཁྲལ་ཡངས་ཚོང་ཁང་ཚུ་ལས་ ཐོབ་ཆོགཔ་བཟོ་ཡོད་རུང་ ཚོང་ཁང་གཞན་ཚུ་ལས་ འཐོབ་ནི་མེདཔ་མ་ཚད་ཐོབ་རུང་ ཁྲལ་བརྒྱ་ཆ་༡༠༠ སྤྲོད་དགོཔ་ལས་ དེ་གིས་ཡང་ ནག་ཚོང་ལུ་ རྒྱུད་བསྐུལ་འབད་ནུག།

འདས་པའི་ཉམས་མྱོང་ཚུ་ལུ་ གཞི་བཞག་སྟེ་ ད་རིས་ སྤྱི་ཚོགས་ཀྱིས་ ཏམ་ཁུ་བཅའ་ཁྲིམས་དེ་ འཕྲི་སྣོན་འབདཝ་ད་ ཏམ་ཁུ་ཚུ་ རྒྱལ་ཁབ་ནང་འཁོད་ཀྱི་ ཚོང་ཁང་ཚུ་ལས་ ཐོབ་ཆོག་ཆོ་བཟོ་བ་ཅིན་ ཁྲལ་བརྒྱ་ཆ་༡༠༠ བཀལ་ནི་གི་ འོས་འབབ་ཡོད་མེད་ གསུང་གྲོས་ཞིབ་པར་གནང་དགོཔ་བཞིན་དུ་ གལ་སྲིད་ ཁྲལ་བརྒྱ་ཆ་༡༠༠ རང་འཇགས་སྦེ་ བཀལ་བ་ཅིན་ མི་ཚུ་གིས་ ཁྲལ་ལས་ཟུར་ཐབས་ལུ་ ནག་ཚོང་དེ་ར་ འཐབ་ནི་གི་ འོས་འབབ་སྦོམ་འདུག།

དེ་འབདཝ་ལས་ སྤྱི་ཚོགས་ཀྱིས་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་ འཕྲི་སྣོན་འབདཝ་དང་གཅིག་ཁར་ ནག་ཚོང་མར་ཕབ་དང་ སྔོན་འགོག་ག་དེ་སྦེ་ འབད་ནི་ཨིན་ན་ གསུང་གྲོས་ཞིབ་པར་ གནང་ཐོག་ལས་ ཐུགས་ཐག་བཅད་དགོ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *