ཏམ་ཁུ་སྤྱོད་མི་ཚུ་གིས་ སྒྲིག་གཞི་ལུ་ ཚུལ་མཐུན་ གནས་དགོཔ།

༉ འབྲུག་རྒྱལ་ཁབ་འདི་ ནང་པ་ཆོས་ལྡན་གྱི་ རྒྱལ་ཁབ་ཅིག་ཨིན་པའི་ཁར་ དམིགས་བསལ་དུ་ དུས་རབས་བརྒྱད་པའི་ནང་ གསང་སྔགས་རྡོ་རྗེ་ཐེག་པའི་སྲོག་ཤིང་ མཚན་ལུ་སངས་རྒྱས་གཉིས་པ་ཟེར་ཞུ་མི་ ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་གིས་ རྒྱལ་ཁབ་འདི་ རྟ་རྨིག་ཙམ་ཡང་མ་ལུས་པར་ ག་ར་བྱིན་གྱིས་ བརླབས་གནང་མིའི་ རྒྱལ་ཁབ་གཞན་དང་མ་འདྲཝ་ཅིག་ཨིན།

དུས་ཚོད་འདི་དང་བསྟུན་ གོ་རིམ་བཞིན་དུ་སྦེ་ བླམ་དགེ་བའི་བཤེས་གཉེན་མང་རབས་ཅིག་ ལུང་བསྟན་དང་བསྟུན་ རྒྱལ་ཁབ་ནང་ བྱོན་ཞིནམ་ལས་ དམ་པའི་ཆོས་ཀྱི་ སྲོལ་གཏད་དེ་ རྒྱལ་ཁབ་འདི་ནང་ སྐྱེས་མི་ཚུ་ག་ར་ དམ་པའི་ཆོས་ཀྱི་ དབང་ལུ་འདུ་བའི་ཁར་ ཆོས་ལུ་དད་པ་མེད་པའི་མི་ ཕུད་རྡོག་ཅིག་ཡང་མེདཔ་ཨིན།

དེ་ཡང་ ལུང་གི་སྣ་ཁྲིད་ རྟེན་འབྲེལ་གྱི་རྒྱུན་ཁྱེར་ མོས་གུས་ཀྱིས་ ལུངམ་ཕྱུག་སྟེ་ དགའ་སྐྱིད་ཀྱི་ ངང་ལུ་འཁྲུལ་བ་མེད་པར་ ལོངས་སྤྱོད་དེ་ སྡོད་ནི་ཡོད་མི་ཚུ་ འབྲུག་རྟེན་འབྲེལ་ལུ་ གཞི་བཟུང་སྟེ་ ཡོལ་བ་མེད་པར་ གནས་ནི་དེ་གིས་ཨིན་མས།

ཨིན་རུང་ ཆོས་ཟབ་སར་བདུད་ཟབ་ཟེར་ སླབ་སྲོལ་ཡོད་དོ་བཟུམ་སྦེ་ སྐྱིད་ཉམས་ཅན་གྱི་ སྤྲིན་བར་ནང་གི་ ཉིམ་བསྲོ་སྡོད་པའི་ནམ་དུས་ལུ་ སྐྱིད་པའི་ཉམས་མ་བྱུང་བར་ ནོར་ཁྲ་བོའི་སྦུག་གི་ཟེགསཔ་ཟེར་ སྒྲིག་གཞི་ལུ་ མ་གནས་མི་རེ་གཉིས་རེ་ ཐོན་པའི་བསྒང་ལས་ དེ་གིས་ མི་མང་ག་ར་ལུ་ དཀའ་ངལ་དང་ གདོང་ལེན་ཚུ་བྱུང་བཅུགཔ་ཨིན།

ག་འཆརཔ་ཟེར་བ་ཅིན་ འདས་པའི་ལོ་ངོ་བཅུ་ཕྲག་གི་ཧེ་མར་ རྫས་ངན་ཏམ་ཁུ་ སྤྱོད་ནི་དེ་ རྒྱལ་ཁབ་ནང་ རྩ་ལས་ར་ ལེགས་ཤོམ་མིན་འདུག་ཟེར་ རྒྱལ་ཡོངས་ཚོགས་ཁང་ནང་ལས་ བཀག་དམ་ཚུ་འབད་དགོ་པའི་ བཅའ་ཁྲིམས་ཡང་བཟོ་གནང་ཡི།

ཨིན་རུང་ དུས་ཀྱི་འགྱུར་བ་དང་བསྟུན་ བར་སྐབས་ཅིག་ལས་ ནད་ཡམས་ཀྱིས་ གནོད་འཚུབས་སྦོམ་སྦེ་ར་ འབྱུང་ཉེན་ཡོད་མི་ལུ་བརྟེན་ གཞུང་གིས་ ཐབས་བྱུས་སྣ་ཚོགས་ཀྱི་ཐོག་ལས་ བསྟར་སྤྱོད་འབད་རུང་ དམ་འཛིན་དང་ ཚད་འཛིན་འབད་ཚུགས་ནི་ལུ་ གདོང་ལེན་སྦོམ་ཡོད་པའི་ཁར་ ལྷག་པར་དུ་ རྫས་ངན་སྤྱོད་མི་ཚུ་གིས་ ནད་ཡམས་ཁྱབ་སྤེལ་གཏང་ནིའི་ ཉེན་ཁ་འདུག་ཟེར་ ཐབས་ར་མེད་པར་ ལྷོད་ཡངས་བཏང་དགོཔ་བྱུང་ཡི།

གཞུང་གིས་ འཚབས་ཆེན་ནད་ལས་ བཀག་སྲུང་ལུ་དམིགས་ཏེ་ ལྷོད་ཡངས་བཏངམ་མ་གཏོགས་ ཏམ་ཁུ་ལག་ལེན་འཐབ་མི་ཚུ་ ད་ལས་ཕར་ ག་ལྷོད་སྤྱོད་ཆོག་ཆོག་དང་ ག་མནོ་སར་ ལག་ལེན་འཐབ་ཆོག་པའི་ གནང་བ་མ་གནང་མས།

མཐོང་གསལ་བྱུང་དོ་བཟུམ་འབད་བ་ཅིན་ ཏམ་ཁུ་སྤྱོད་མི་ཚུ་གིས་ ཧེ་མ་ལས་བཟོ་ཡོད་པའི་ ཏམ་ཁུ་སྤྱོད་ཆོག་པའི་ ས་ཁོངས་ནང་རྐྱངམ་གཅིག་ སྤྱོད་ནི་མིན་པར་ སྣུམ་འཁོར་འགྲོ་འགྲུལ་དང་ མི་མང་འཛོམས་ས་ འགྲུལ་འཁོར་བཱསི་ཚུ་ནང་ལས་ཕར་ ཧ་ལམ་ སྤྱོད་ནི་འགོ་བཙུགས་དོ་ཡོདཔ་ལས་ དེ་གིས་ མ་འོངས་ཡུན་རིང་ལུ་ གནོད་ཉེན་འབྱུང་ནི་ཨིན་པའི་ཁར་ ཏམ་ཁུ་ལག་ལེན་མ་འཐབ་མི་ཚུ་ལུ་ཡང་ དཀའ་ངལ་བྱུངམ་ཨིན་མས།

འདི་བཟུམ་གྱི་ རང་གར་མའི་ཐོག་ལས་ ཏམ་ཁུ་སྤྱོད་མི་ཚུ་ལུ་ ལྟ་རྟོག་འབད་མི་ ག་ཡང་མེདཔ་མ་ཚད་ གལ་སྲིད་ མེ་ཆུང་དུས་ལས་མ་བསད་པ་ཅིན་ རི་ཆེན་གུ་མེ་བཟུན་པའི་བསྒང་ལས་ བསད་ཚུགས་ནི་ལུ་ ལཱ་ཁག་འོང་།

ཏམ་ཁུ་ལག་ལེན་འཐབ་མི་ཚུ་གིས་ ད་རེས་ རྒྱལ་ཁབ་བྱ་སྟབས་མ་བདེ་བར་ སྡོད་པའི་ནམ་དུས་ལུ་ གོ་སྐབས་ལེན་ཐོག་ལས་ ཏམ་ཁུ་དེ་ དར་ཁྱབ་བཏང་ནིའི་ ཉེན་ཁ་སྦོམ་ར་ཡོདཔ་ལས་ བུ་ལང་ཤོར་བཏང་པ་གཅེས་ཕྲུག་མེན་ཟེར་ སླབ་དོ་བཟུམ་སྦེ་ ལྟ་རྟོག་དང་ དམ་འཛིན་ ཚད་འཛིན་འབད་ནི་དེ་ ག་ལུ་ཕོག་པའི་ འཁྲི་འགན་ཨིན་ན་ ངོས་ལེན་མཛད་གནང་པ་ཅིན་ ལེགས་ཤོམ་འོང་ནི་མས།

About admin

Check Also

འབྲུག་གི་སྐྱེ་ལྡན་རིགས་སྣའི་དཔྱད་ཡིག་༢༠༢༡ རེས་གཟའ་མིག་དམར་ལུ་ ཆ་འཇོག་འབད་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་སྐྱེ་ལྡན་རིགས་སྣའི་དཔྱད་ཡིག་༢༠༢༡ ཅན་མའི་ ལྷག་ཐེངས་༣ པ་ མཇུག་བསྡུ་ཡོདཔ་ལས་ སྤྱི་ཟླ་༡༢ པའི་ཚེས་༦ ལུ་ ཆ་འཇོག་འབད་ནི་ཨིན་པས།དཔྱད་ཡིག་དེ་ ཁ་ཙ་ཚུན་ ཉིནམ་༢ ཀྱི་རིང་ …

Leave a Reply

Your email address will not be published. Required fields are marked *