ཏམ་ཁུ་ཚད་འཛིན་འབད་མི་ལུ་ ལྟ་རྟོག་འབད་མི་མེདཔ་ཨིན་ན?

༉ སྤྱི་ལོ་༢༠༡༡ གི་ ཟླཝ་དང་པ་ལས་ རྒྱལ་ཁབ་ནང་ ཏམ་ཁུ་དང་འབྲེལ་བའི་ཁྲིམས་ དམ་དམ་བཟོ་མི་དང་བསྟུན་ ཏམ་ཁུ་འཐུང་ནི་དེ་ཡང་ བཀག་འཛིན་འབད་དེ་ མི་མང་འཛོམས་སའི་ ས་ཁོངས་ཚུ་ལས་ཕར་ འཐུང་མ་ཆོགཔ་སྦེ་ བཟོ་ཡི་ཟེར་ཞུ་ནི།
ཁྲིམས་ལུགས་དེ་ ད་ལྟོ་ཡང་ བསྟར་སྤྱོད་འབད་བཞིན་དུ་ཡོད་རུང་ ཁྲོམ་སྡེའི་ས་ཁོངས་ལ་ལོ་ཅིག་ནང་ མི་ཚུ་གིས་ འཚེར་སྣང་མེད་པར་ ཏམ་ཁུ་འཐུང་དོ་ཡོདཔ་ད་ རེ་གཉིས་ཀྱིས་ ཉིནམ་དཀར་པོའི་ནང་ཡང་ འཐུང་སར་མཐོངམ་ཨིན་པས།
དེ་གིས་མ་དོ་བར་ འཕྲལ་འཕྲལ་ཁྲོམ་ཁར་ སྒྲིག་གཡོག་ནང་ཡོད་མི་ ཁྲིམས་སྲུང་འགག་པ་ཚུ་ཡོད་པའི་ ས་ཁོངས་ཚུ་ནང་ཡང་ འཐུང་སྡོད་སར་མཐོངམ་ཨིན་རུང་ ཁྲིམས་ལྟ་རྟོག་པ་ཚུ་གིས་ འཐུང་མ་ཆོག་པའི་སྐོར་ལས་ ག་ནི་ཡང་ སླབ་ནི་མིན་འདུག་ཟེར་ཞུ་ནི།
སྤྱི་ཚོགས་དང་པ་གིས་ འཕྲི་སྣོན་འབད་མི་ ཁྲིམས་ལུགས་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ བཀག་འཛིན་འབད་ནིའི་དབང་ཆ་ དཔེར་ན་ ཚོང་ཁང་དང་ སྒེར་ཁྱིམ་ཚུ་ནང་འགྱོ་ཞིནམ་ལས་ འཚོལ་ཞིབ་འབད་ནི་དང་ མི་མང་གི་ས་ཁོངས་ནང་ མི་ཚུ་གིས་ ཏམ་ཁུ་འཐུང་སར་མཐོང་པ་ཅིན་ ཁྲིམས་ལུགས་དང་བསྟུན་ ཏམ་ཁུ་ཉོ་སྒྲུབ་འབད་བའི་ འབྱོར་འཛིན་ཚུ་ ཡོད་མེད་བལྟ་ཆོག་པས་ཟེར་ཞུ་ནི།
ཏམ་ཁུ་ཚད་འཛིན་འབད་ནིའི་ བཅའ་ཁྲིམས་དེ་ བསྟར་སྤྱོད་འབད་ནི་འགོ་བཙུགསཔ་ཅིག་ འགོ་དང་པ་ར་ སྐྱེས་ལོ་༢༤ ལང་མི་ དགེ་སློང་ཅིག་ཡང་ ཉེས་ཁྲིམས་ཕོག་ཡོད་པའི་ཁར་ མི་ལེ་ཤ་ཅིག་ར་ བཙོན་ཁྲིམས་འབག་དགོཔ་ཐོན་ཡོདཔ་ད་ བཅའ་ཁྲིམས་དེ་ དམ་དྲགས་སྦེ་ཡོད་མི་ལུ་བརྟེན་ རྒྱལ་སྤྱིའི་གནས་ཚད་ནང་ལས་ཕར་ཡང་ གནས་ཚུལ་དར་ཁྱབ་སོང་ཡོད་པའི་ཁར་ རྒྱལ་ཁབ་ཀྱི་མིང་གཏམ་ཡང་ སྙན་གྲགས་ཐོན་ཡི་ཟེར་ཞུ་ནི།
ཨིན་རུང་ ད་རེས་ནངས་པར་ རྒྱལ་ས་ལྟེ་བའི་ཁྲོམ་གྱི་ ས་ཁོངས་ཚུ་ནང་ལས་ཕར་ མི་ཚུ་གིས་ གཡང་ཟ་བག་ཟོན་མེད་པར་ ཏམ་ཁུ་འཐུང་སར་མཐོངམ་ད་ འབྲུག་མི་ཚུ་གིས་ ག་དེ་སྦེ་མཐོང་རུང་ ཕྱི་མི་ཚུ་གིས་ ཏམ་ཁུ་ཚད་འཛིན་གྱི་བཅའ་ཁྲིམས་ བསྟར་སྤྱོད་སྐོར་ལས་ དྲི་བཀོད་འབད་ནི་ཨིནམ་ལས་ འབྲེལ་ཡོད་དབང་འཛིན་གྱིས་འབད་རུང་ ཚུལ་མཐུན་བསྟར་སྤྱོད་འབད་མ་འབད་ བལྟ་དགོཔ་འདུག་ཟེར་ཞུ་ནི།
ཏམ་ཁུ་འཐུང་མིའི་གྲས་ལས་ མང་ཤོས་ར་ སྣུམ་འཁོར་དེད་གཡོགཔ་ཨིན་པའི་མཐོང་སྣང་བྱུང་དོ་ཡོདཔ་ད་ དེ་ཡང་ ཁོང་ཆ་ཁྱབ་ སྣུམ་འཁོར་ནང་འབད་ནི་དེ་གིས་ ལྟ་རྟོག་འབད་ཚུགས་པར་ ལཱ་ཁག་ཡོད་མི་ལུ་བརྟེན་ཨིནམ་ད་ ལ་ལོ་ཅིག་གིས་ ཐ་ན་ མི་མང་ས་ཁོངས་དང་ སློབ་གྲྭའི་ས་ཁོངས་ནང་ལས་ཕར་ འཐུང་དོ་ཡོདཔ་ལས་ དེ་གིས་ མ་འཐུང་མི་ཚུ་ལུ་ གནོད་ཉེན་སྦོམ་འབྱུང་ནི་མས་ཟེར་ཞུ་ནི།
སྣུམ་འཁོར་ནང་ ཏམ་ཁུ་འཐུང་མི་ཚུ་ལུ་ ལྟ་རྟོག་དང་ ཉེས་ཆད་མ་བཀལ་བར་བཞག་པ་ཅིན་ ཁོང་གིས་ ཁྲོམ་གྱི་ས་ཁོངས་དང་ མི་མང་འཛོམས་སའི་ ས་ཁོངས་ཚུ་ནང་ཨིན་རུང་ སྣུམ་འཁོར་ནང་འཛུལ་སྡོད་དེ་ ཏམ་ཁུ་འཐུང་ནིའི་ གོ་སྐབས་དང་ ས་གོ་འདུག་ཟེར་ཞུ་ནི།
དེ་འབདཝ་ལས་ ཁྲོམ་སྡེ་དང་ མི་མང་འཛོམས་སའི་ ས་ཁོངས་ཚུ་ནང་ལས་ཕར་ དུས་རྒྱུན་དུ་ སྣུམ་འཁོར་གྱི་རྒྱུན་འགྲུལ་ ལྟ་རྟོག་འབད་མི་ ཁྲིམས་སྲུང་འགག་པ་ཚུ་ཡོདཔ་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་འབད་རུང་ ཞར་དང་ཞོར་ཁར་ སྒྲིག་གཡོག་རྒྱུགཔ་དང་འབྲེལ་ ཏམ་ཁུ་འཐུང་མི་ཚུ་ལུ་ཡང་ ལྟ་རྟོག་འབད་ནི་ལུ་ རྒྱབ་སྐྱོར་འབད་བ་ཅིན་ ཏམ་ཁུ་ཚད་འཛིན་འབད་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ ཞུ་ནི་ཨིན།
བཀྲིས།
ཐིམ་ཁྲོམ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *