ཏམ་ཁུ་མེད་པའི་ རྒྱལ་ཁབ་ནང་ ཏམ་ཁུ་ལག་ལེན་འཐབ་མི་མཐོ་དྲགས།

༉ འབྲུག་འདི་ ཏམ་ཁུའི་ཐོན་སྐྱེད་མེད་པའི་ རྒྱལ་ཁབ་ཅིག་སྦེ་ གསལ་བསྒྲགས་འབད་དེ་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ ཏམ་ཁུའི་ཐོན་སྐྱེད་ཉོ་བཙོང་བཀག་དམ་འབད་དེ་ཡོད་མི་དེ་ལུ་ རྒྱལ་ཁབ་ཕྱི་ནང་གཉིས་ཆ་ར་ལས་ ཡིད་ཆེས་ངལ་རངས་སྦོམ་ བསྐྱེདཔ་ཨིན་མས།
དེ་གི་ནང་དོན་ཉིད་ལས་ དུས་ཅི་ སྤྱི་ཟླ་༦ པའི་ནང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ གསོ་བའི་བློན་པོ་ལུ་ འཛམ་གླིང་ཏམ་ཁུ་མེད་པའི་ རྟགས་མ་ཕུལ་མི་དེ་ འབྲུག་རྒྱལ་ཁབ་ཀྱིས་ ཏམ་ཁུ་ལུ་ གདོང་ལེན་སྒྲིང་སྒྲི་འབད་བའི་ ཡིད་ཆེས་དང་ རྒྱབ་སྐྱོར་ཡོད་པའི་ བརྡ་མཚོན་ལུ་ཨིན་མས།
འབྲུག་གིས་ ཏམ་ཁུའི་རིགས་ ཉོ་བཙོང་བཀག་དམ་ལུ་ གདོང་ལེན་ག་དེམ་ཅིག་ར་ བྱུང་སྟེ་འབད་རུང་ འཛམ་གླིང་ལས་ འབད་རྩོལ་བསྐྱེད་མི་དེ་ ངོས་འཛིན་འབདཝ་ད་ ང་བཅས་ལུ་ དཔའ་ཉམས་བྱུངམ་མ་ཚད་ ཁྲིམས་བསྟར་སྤྱོད་འབད་མི་ཚུ་ཡང་ ཏམ་ཁུའི་རིགས་ ཚུལ་མིན་ཐོག་ ཉོ་བཙོང་འཐབ་མི་ཚུ་ལུ་ གདོང་ལེན་དམ་སྒྲིང་འབད་ནི་གི་ བློ་སྟོབས་དང་ སེམས་ཤུགས་ཐོབ་ནུག།
འདི་འབདཝ་ད་ ང་བཅས་རྒྱལ་ཁབ་ནང་ ཏམ་ཁུ་བཀག་འཛིན་འབད་ནི་ལུ་ མཐར་འཁྱོལ་བྱུང་སྟེ་ཡོདཔ་ཨིན་ན? ཏམ་ཁུ་བཀག་འཛིན་ལུ་ སེམས་ཀྱི་གདིང་ལས་ར་ ཚ་གྱང་འབག་སྟེ་ ཚུལ་མིན་ཚོང་འབྲེལ་འཐབ་མི་ཚུ་ལུ་ ཁྲིམས་ཀྱི་དང་ལེན་སྒྲིང་སྒྲི་འབད་དོ་ཡོདཔ་ཨིན་ན?
བརྟག་ཞིབ་ཚུ་དང་འཁྲིལ་བ་ཅིན་ ཏམ་ཁུ་མེད་པའི་ རྒྱལ་ཁབ་མེན་པར་ ཏམ་ཁུ་གིས་ཕྱུག་པའི་ རྒྱལ་ཁབ་ཅིག་ཨིན་པའི་ མངོན་གསལ་བྱུང་ནུག།
དེ་ཡང་ ཤར་ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ གཞོན་ཅུང་གི་ སེམས་ཁམས་འཕྲོད་བསྟེན་གནང་སྟངས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ འབྲུག་ལུ་ ཏམ་ཁུ་དང་ ཀེ་ཧང་སྤྱོད་མི་དེ་ ལུང་ཕྱོགས་ནང་ མཐོ་ཤོས་ཅིག་ཨིནམ་ལས་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
འབྲུག་ལུ་ ཏམ་ཁུའི་ཐོན་སྐྱེད་ ཉོ་བཙོང་བཀག་དམ་འབད་ཡོད་རུང་ ཏམ་ཁུ་འཐུང་མི་བརྒྱ་ཆ་༢༤.༦ ཡོདཔ་ལས་ རྒྱལ་ཁབ་དང་ མི་འབོར་གྱི་ གྱངས་ཁ་དང་འཁྲིལ་བ་ཅིན་ རྣམ་རྟོང་ལང་སི་སི་དང་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་གིས་ བདེན་འཛིན་རེ་མ་ཚུགས་པའི་ གནད་དོན་ཅིག་ཨིན་མས།
བརྟག་ཞིབ་སྙན་ཞུ་ནང་ ཏམ་ཁུ་འཐུང་མིའི་ གྱངས་ཁ་མཐོ་ཤོས་ར་ གཞོན་ཅུང་སྐྱེས་ལོ་༡༣ ལས་༡༧ བར་ན་ཨིན་མི་དེ་ རྒྱལ་ཁབ་ཀྱི་ མི་འབོར་ཡོངས་བསྡོམས་ལས་ བརྒྱ་ཆ་༩.༤ དེ་ཅིག་གི་རྩིས་ཨིན་མས།
དེ་ལས་ ཏམ་ཁུའི་ཐོན་སྐྱེད་གཞན་ལག་ལེན་འཐབ་མི་ ན་གཞོན་བརྒྱ་ཆ་༢༩.༣ འདུག་ཟེར་ཨིནམ་ད་ ང་བཅས་ལུ་ རྣམ་རྟོག་ལང་དགོཔ་བྱུང་མི་དེ་ གཙོ་བོ་ར་ མུསི་ལམ་གྱི་རྒྱལ་ཁབ་ ཨིན་ཌོ་ནེ་ཤི་ཡ་དེ་ ཏམ་ཁུའི་རིགས་ཐོན་སྐྱེད་འབད་མི་ཨིན་རུང་ ཏམ་ཁུ་ལག་ལེན་འཐབ་མི་ བརྒྱ་ཆ་༢༧.༡ དང་ ཐའི་ལེནཌ་ལུ་ བརྒྱ་ཆ་༡༤ མ་གཏོགས་མེད་ནི་དེ་གིས་ཨིན།
ད་རུང་ ཏམ་ཁུ་ལག་ལེན་རྐྱངམ་གཅིག་ནང་ གྱངས་ཁ་མཐོ་དྲགས་ཡོད་མི་གིས་མ་ཚད་པར་ རྒྱལ་ཁབ་ཀྱི་ ན་གཞོན་བརྒྱ་ཆ་༢༤.༢ དེ་ཅིག་གིས་ ཆང་འཐུང་དོ་ཡོདཔ་སྦེ་ བརྟག་ཞིབ་སྙན་ཞུ་ནང་བཀོད་ནུག།
ཏམ་ཁུ་ལག་ལེན་འཐབ་མིའི་ གྱངས་ཁ་དེ་ སློབ་གྲྭ་ཆེ་བའི་ སློབ་ཕྲུག་ཚུ་གི་ ནང་འཁོད་ལུ་ མངམ་ཡོདཔ་ལས་ ད་ཚུན་གྱི་བར་ན་ ཏམ་ཁུ་བཀག་འཛིན་གྱི་ ཐབས་ཤེས་བཏོན་མི་ཚུ་ འཕྲོ་བརླག་དང་ འཐུས་ཤོར་བྱུང་པའི་ བརྡ་མཚོན་ཅིག་ཨིན་མས།
ཏམ་ཁུའི་ཐོན་སྐྱེད་ཚུ་ བཀག་འཛིན་འབད་ཡོད་རུང་ ནག་ཚོང་ནང་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་དོ་ཡོདཔ་ལས་ ཏམ་ཁུ་བཀག་འཛིན་གྱི་ བཅའ་ཁྲིམས་དེ་ བརྩི་ཁུངས་མེདཔ་ བཟོཝ་མ་ཚད་ འཛམ་གླིང་རྒྱལ་སྤྱིའི་ གནས་རིམ་ལས་ ཏམ་ཁུ་ལག་ལེན་མེད་པའི་ གཟེངས་བསྟོད་རྟགས་མ་བྱིནམ་ད་ ལེན་མིའི་ཁ་ཐུག་ལས་ཡང་ གཡང་ཟ་དགོཔ་ཅིག་ཨིན་མས།
འཐུས་ཤོར་བྱུང་མི་དེ་ ཏམ་ཁུའི་བཅའ་ཁྲིམས་རྐྱངམ་གཅིག་མེན་པར་ ང་བཅས་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་མང་ཤོས་ཅིག་ བསྟར་སྤྱོད་ནང་ འཐུས་ཤོར་བྱུང་ཡོད་མི་དེ་ཡང་ དཔེར་ན་ ཤ་རིགས་ཚུ་ དུས་བཟང་དང་ ཟླཝ་ཁྱད་པར་ཅན་ཚུ་ནང་ བཀག་དམ་འབད་ཡོད་རུང་ རང་སོའི་ཁྱིམ་དང་ ཟ་ཁང་ཚུ་ནང་ བཀག་དམ་མ་འབད་བའི་ཧེ་མར་ ཐོབ་མི་ལས་ལྷགཔ་སྦེ་ ཤ་བཟའ་སྤྱོད་འབདཝ་མ་ཚད་ གྱིབ་ཤོག་ཚུ་ བཀག་དམ་འབད་དེ་ ལོ་ལེ་ཤ་ལང་རུང་ མི་ཚུ་གིས་ ཚོད་བསྲེ་དང་ བཟའ་ཆས་ཚུ་ གྱིབ་ཤོས་ནང་འདེགས་འབག་འོང་སར་མཐོངམ་མས།
ད་རེས་ ཏམ་ཁུ་ལག་ལེན་འཐབ་མི་ ཡར་འཕར་འགྱོ་མི་དེ་ ཉོ་བཙོང་ནང་ ཁྲིམས་དམ་སྒྲིང་སྦེ་ ལག་ལེན་མ་འཐབ་པའི་ སྐྱོན་ལུ་བརྟེན་ཨིནམ་ལས་ ང་བཅས་ཀྱི་ མི་སྡེའི་གཟུགས་ཁམས་འཕྲོད་བསྟེན་ སྒྲིང་སྒྲི་སྦེ་ བཞག་ནི་དང་ ང་བཅས་རའི་ མི་སེར་ཚུ་གི་ འཕྲོད་བསྟེན་ལུ་ ཚ་གྱང་ཡོད་པ་ཅིན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ བརྩོན་ཤུགས་ཐེབས་བསྐྱེད་དེ་ ཁྲིམས་ལུགས་ཚུ་ དམ་དམ་སྦེ་ བསྟར་སྤྱོད་འབད་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

ཕྱི་ཁར་འགྱོ་མི་ འབྲུག་མི་ཚུ་གི་དོན་ལུ་ སྤྱིར་བཏང་གོ་བརྡའི་ལས་རིམ།

༉ ད་ལྟོ་ གནད་དོན་ཚུ་ཁ་གསལ་སྦེ་ མ་ཤེས་ཏེ་འབད་རུང་ འབྲུག་མི་ལེ་ཤ་ཅིག་ར་ ཨཱསི་ཊེ་ལི་ཡ་ལུ་ སྣུམ་འཁོར་ཐུག་རྐྱེན་ལུ་བརྟེན་པའི་ ཤི་རྐྱེན་བྱུང་བའི་ཁར་ ལཱ་ཁག་རྐྱབ་དོ་ཡོད་པའི་ ལོ་རྒྱུས་ཚུ་གོ་མི་དེ་ རྒྱལ་ཡོངས་ལུ་ ཚ་གྱང་ཆེ་བའི་ གནད་དོན་ཅིག་ཨིནམ་ལས་ སེལ་ཐབས་འབད་དགོཔ་འདུག། འབྲུག་མི་ཚུ་གིས་ …

Leave a Reply

Your email address will not be published. Required fields are marked *