སྨིན་སྦིས་-བཙན་མཁར་འཐུས་མི་ ཆོས་སྐྱིད་རྒྱལ་མཚན་གྱིས་ ཞུ་བའི་བསྒང་།

ཏམ་ཁུ་དམ་འཛིན་འཕྲི་སྣོན་བཅའ་ཁྲིམས་༢༠༢༡ ཅན་མ་ ཆ་འཇོག་གྲུབ་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་ ཏམ་ཁུ་དམ་འཛིན་འཕྲི་སྣོན་བཅའ་ཁྲིམས་༢༠༢༡ ཅན་མ་དེ་ ཚོགས་རྒྱན་བཙུགས་ཐོག་ལས་ ཆ་འཇོག་མཛད་ཡོདཔ་ད་ ཚོགས་ཁང་ནང་ འཐུས་མི་༣༥ ཡོད་པའི་གྲས་ལས་ འཐུས་མི་༣༣ གྱིས་ རྒྱབ་སྐྱོར་འབད་ཡོདཔ་ད་ འཐུས་མི་༡ ལས་ རྒྱབ་སྐྱོར་མེད་པའི་ཁར་ གཞན་མི་ཅིག་གིས་ འཛེམ་བཞུགས་ཡི།

ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ གསུངས་མིའི་ནང་ ཏམ་ཁུའི་འགོ་འཛིན་ཨིན་མི་ བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ ཏམ་ཁུ་དམ་འཛིན་འཕྲི་སྣོན་བཅའ་ཁྲིམས་༢༠༡༠ ཅན་མ་དེ་ འཕྲི་སྣོན་མཛད་དགོ་པའི་ གྲོས་འདེབས་ཕུལ་མི་དང་བསྟུན་ ལམ་ལུགས་ལྟར་ཏུ་སྦེ་ ཚོགས་བཞུགས་ནང་ གསུང་གྲོས་གནང་མི་དེ་ ཆ་འཇོག་གྲུབ་ཡོདཔ་ལས་ སྒྲིག་གཞི་ལྟར་དུ་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཕུལ་ནི་ཨིན་ཟེར་ཨིན་པས།

འབྲུག་གི་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་༢༠༡༠ ཅན་མའི་ ལེའུ་༣ པའི་དོན་ཚན་༡༡ པའི་ དགོངས་དོན་ཚུ་དང་འཁྲིལ་བ་ཅིན་ མི་ངོམ་གང་རུང་གིས་ ཏམ་ཁུ་འཛུགས་སྐྱོང་དང་ ཡང་ཅིན་ བསྡུ་བསྒྱོམ་འབད་མི་ཆོག་ནི་དང་ བཟོ་སྐྲུན་དང་ མཁོ་སྤྲོད་ བགོ་བཀྲམ་འབད་མི་ཆོག་ཟེར་ འཁོད་ཡོདཔ་མ་ཚད་ བཙོང་ནི་དང་ ཉོ་ནི་ཚུ་ འབད་མི་ཆོག་ཟེར་ཨིན་པས།

དེ་བཟུམ་སྦེ་ བཅའ་ཁྲིམས་དེ་གི་ དོན་ཚན་༡༢ པའི་ནང་ མི་ངོམ་ཅིག་གིས་ རང་སོའི་སྒེར་སྤྱོད་དོན་ལུ་ ཏམ་ཁུ་དམ་འཛིན་བཀོད་ཚོགས་ལས་ ཚད་གཞིའི་གནང་བ་དང་འཁྲིལ་ ནང་འདྲེན་འབད་ཆོག་ཟེར་ཨིནམ་ད་ དོན་ཚན་༡༣ པ་དང་འཁྲིལ་བ་ཅིན་ སྒེར་སྤྱོད་ཀྱི་དོན་ལུ་ ཐོན་སྐྱེད་རིགས་ཚུ་ ནང་འདྲེན་འབད་མི་ མི་ངོམ་དེ་གིས་ ཅ་ཁྲལ་དང་ཚོང་ཁྲལ་ཚུ་ བཅའ་ཡིག་ལྟར་དུ་ སྤྲོད་དགོཔ་སྦེ་འདུག།

དོན་ཚན་༡༡ པའི་དགོངས་དོན་ལས་འགལ་བ་ཅིན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ལྟར་དུ་ དབྱེ་རིམ་༤ པའི་ ཉེས་ཆེན་སྨིན་དགོཔ་མ་ཚད་  ཚད་གཞི་ལས་འགལ་ཏེ་ འབག་འོང་མི་ཚུ་ལུ་ཡང་ དབྱེ་རིམ་༤ པའི་ཉེས་ཁྲིམས་སྨིན་དགོཔ་འདུག།

བཅའ་ཁྲིམས་སྦེ་ ཆ་འཇོག་གྲུབ་པའི་ཤུལ་ལས་ ད་ལྟོ་ཚུན་ ཁྲིམས་འགལ་འབད་མི་༡༠༠ དེ་ཅིག་ལུ་ ཉེས་ཁྲིམས་བསྟར་སྤྱོད་འབད་དེ་འདུག།

ལྷག་པར་དུ་ ནད་ཡམས་ཀོ་བིཌ་-༡༩ ཐོན་པའི་ཤུལ་ལས་ སྤྱི་ལོ་༢༠༢༠ ཟླ་༣ པ་ལས་ སྤྱི་ལོ་༢༠༢༡ ཟླ་༦ པའི་བདུན་ཕྲག་༡ པ་ཚུན་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཚུ་ འཐུང་མི་དང་སྤྱོད་མི་ དེ་ལས་ ལྐོག་ཚོང་གི་དོན་ལུ་ ས་མཚམས་ལས་བརྒལ་ ནང་འདྲེན་འབད་བར་ ཁྲིམས་བརྒལ་ཐོག་ལས་ མི་༡༤༤ ལྷགཔ་ཅིག་གིས་འབད་ཡོདཔ་ལས་ ད་རེས་མི་༤༤ ལུ་ བཙོན་ཁྲིམས་དང་ གཞན་མི་ཚུ་ ད་ལྟོ་ རྩོད་བཤེར་འབད་བའི་བསྒང་ཨིན་པས།

ལྷག་པར་དུ་ ནད་ཡམས་ཀྱི་གནས་སྟངས་ནང་ འབྲུག་གི་ལྷོ་ཕྱོགས་ས་མཚམས་ བསམ་རྩེ་ལས་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ཚུན་གྱི་བར་ན་ འབྲུག་མི་དང་ ཕྱི་མི་ཚུ་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ལྐོག་ཚོང་དང་ ནག་ཚོང་འབད་མི་ ཉིན་བསྟར་བཞིན་དུ་ ཡར་སེང་སོང་མི་གིས་ ནད་ཡམས་ཁྱབ་སྤེལ་དང་ མིའི་ཚེ་སྲོག་ལུ་ཡང་ གནོད་ཉེན་སྦོམ་བྱུང་པའི་ཁར་ རང་དབང་སྲུང་སྐྱོབ་ལུ་ཡང་ དཀའ་སྡུག་བྱུང་ནི་དེ་གིས་ སྤྱི་ལོ་༢༠༢༠ ཟླ་༨ པའི་ནང་ འབྲུག་གི་ཁྲལ་ཡངས་ཐོག་ལས་ གཞུང་གིས་ ཞབས་ཏོག་བྱིན་ནི་གོ་བཙུགས་ཡི།

དེ་གིས་ཡང་ བཀག་མ་ཚུགསཔ་ལས་ གཞུང་གིས་ བཅའ་ཁྲིམས་དེ་གི་དགོངས་དོན་ཚུ་ འཕྲི་སྣོན་མཛད་ཐབས་ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ གྲོས་འདེབས་བཙུགས་ཡོདཔ་ཨིན་པས།

དེ་བཞིན་དུ་ རྒྱལ་ཡོངས་ཚོགས་འདུ་གིས་ ཏམ་ཁུའི་བཅའ་ཁྲིམས་ཀྱི་ ལེའུ་༣ པའི་དོན་ཚན་༡༡ དང་༡༢ ཀྱི་དགོངས་དོན་ཚུ་ འཕྲི་སྣོན་མཛད་ཡོདཔ་ལས་ ད་ལས་ཕར་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཚུ་ བཙོང་ནི་དང་ བཀྲམ་སྤེལ་འབད་ནི་ མཁོ་སྤྲོད་འབད་ནི་ དེ་ལས་ ནང་འདྲེན་འབད་ཆོགཔ་སྦེ་ ཆ་འཇོག་གྲུབ་གནང་ཡི།

ཨིན་རུང་ རྒྱལ་ཁབ་ནང་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཚུ་ བཟོ་སྐྲུན་འབད་ནི་དང་ འཛུགས་སྐྱོང་འབད་ནི་ཚུ་ འབད་མ་ཆོགཔ་སྦེ་ བཅའ་ཁྲིམས་ལྟར་དུ་ བསྟར་སྤྱོད་འབད་དགོཔ་ཨིན་པས།

ལྷུན་རྩེ་སྨན་སྦིས་- བཙན་མཁར་གྱི་ འཐུས་མི་ཆོས་སྐྱིད་རྒྱལ་མཚན་གྱིས་ ཞུ་མིའི་ནང་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་འཕྲི་སྣོན་འབད་ནི་ལུ་ རྒྱབ་སྐྱོར་ཕུལ་མ་ཚུགས་ཟེར་ཨིནམ་ད་ དེ་ཡང་ ཏམ་ཁུའི་ མནོ་བསམ་བཏངམ་ད་ར་ གཉིད་ལོང་མི་བཏུབ་པས་ཟེར་ཨིན་པས།

ཆོས་དང་འཇིག་རྟེན་གྱི་ བྱ་སྤྱོད་ལུ་ཡང་ ཏམ་ཁུ་འཐུང་ནི་དང་ སྤྱོད་ནི་དེ་ མ་རུང་པའི་ཁར་ གུ་རུ་རིན་པོ་ཆེའི་ ལུང་བསྟན་ནང་ཡང་ མ་རུངམ་སྦེ་ གཏེར་དུ་སྦས་བཞག་ནི་དེ་གིས་ ཨིན་ཟེར་ཞུ་ཡི།

ད་རེས་ ནད་ཡམས་ཀྱི་གནས་སྟངས་དང་འཁྲིལ་ འཕྲི་སྣོན་ལུ་ རྒྱབ་སྐྱོར་ཕུལ་ཡོདཔ་སྦེ་ ཚོགས་འདུའི་འཐུས་མི་ཚུ་གིས་ རྒྱབ་སྣོན་ཞུ་བའི་ཁར་ དངུལ་རྩིས་བློན་པོ་གིས་ཡང་ ཏམ་ཁུ་སྤྱོད་མི་གིས་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་ཉེན་བྱུང་བའི་སྐོར་ལས་ གསོ་བ་ལྷན་ཁག་གིས་ གོ་བརྡའི་ལས་རིམ་གྱི་དོན་ལུ་ མ་དངུལ་རྒྱབ་སྐྱོར་གནང་ནི་ཨིན་ཟེར་ ཞུ་མི་གིས་ཡང་ དུམ་གྲ་ཅིག་ ཁེ་ཕན་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཞུ་ཡི།

ལྷག་པར་དུ་ བརྡ་བརྒྱུདཔ་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ གནས་ཚུལ་ཕྱམ་ཕྱིམ་མེན་པར་ འགན་ཁུར་གཞན་ཐེབས་འབག་དགོ་པའི་ཁར་ འབྲུག་གློག་བརྙན་ཚོགས་པ་གིས་ཡང་ ཆོས་དང་འཇིག་རྟེན་ལུ་ མ་བཏུབ་མི་དང་ གཟུགས་ཁམས་འཕྲོད་བསྟེན་ལུ་ ག་དེ་སྦེ་ གནོད་སྐྱོན་རྐྱབ་དོ་ཡོདཔ་ཨིན་ན་སྐོར་ལས་ གློག་བརྙན་བཟོ་སྟེ་ མི་མང་ལུ་ གོ་བརྡ་སྤེལ་དགོཔ་ ཁག་ཆེ་བས་ཟེར་ཞུ་ཡི།

ཕམ་དང་ སློབ་དཔོན་ དེ་ལས་ ཆོས་སྡེ་ལྷན་ཚོགས་ཀྱིས་ འགན་འཁྲི་འབག་སྟེ་ ཏམ་ཁུའི་ཉེས་དམིགས་ཀྱི་སྐོར་ ན་གཞོན་སློབ་ཕྲུག་དང་ མི་མང་ལུ་ ཡོན་ཏན་སྤེལ་དགོཔ་འདུག་ཟེར་ཞུ་ཡི།

སྨན་སྦིས་- བཙན་མཁར་གྱི་འཐུས་མི་དང་འཁྲིལཝ་ད་ ད་རེས་ ཏམ་ཁུ་འཕྲི་སྣོན་འབད་མི་དང་འཁྲིལ་ མི་ཚུ་གིས་ སྤྱོད་ནི་ཡར་སེང་སོང་རུང་ འབྲུག་མི་ མང་ཤོས་ཅིག་གིས་ ཏམ་ཁུ་འཐུང་ནི་དང་ སྤྱོད་ནི་དེ་ འཇིག་རྟེན་དང་འཁྲིལ་རུང་ མ་བཏུབ་དང་ ཆོས་ཕྱོགས་ལས་ཡང་མ་རུང་ དེ་ལས་ གསོ་བའི་ཐོག་ལས་འབད་རུང་ ཏམ་ཁུ་འཐུང་ནི་དེ་ ཙ་ལས་ར་ མ་བཏུབ་ཨིན་པའི་སྐོར་ གོ་བ་བརྡ་སྤྲོད་ནི་དེ་གིས་ སྤང་ནིའི་གོ་སྐབས་སྦོམ་ཡོད་མི་ལུ་བརྟེན་ཨིན་ཟེར་ཞུ་ཡི།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཆ་རྐྱེན་ཅན་ཅིག་ཨིན་མི་ འབྲུག་པའི་མི་སེར་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་དང་ ཕན་བད་ཚུའི་སྐོར་ ཚ་གྱང་བཞེས་ཏེ་ ཏམ་ཁུ་སྤྱོད་ནི་དང་ ཏམ་ཁུའི་དུ་པ་བཏང་མི་དེ་གིས་ ནག་པའི་ཆོས་དང་ མི་སྡེའི་གཟུགས་ཁམས་འཕྲོད་བསྟེན་གཉིས་ཆ་ར་ལུ་ གནོད་རྐྱེན་སྦོམ་ཡོདཔ་ལས་ ངོས་འཛིན་འབད་ཡོདཔ་སྦེ་ འབྲུག་གི་ཏམ་ཁུ་དམ་འཛིན་བཅའ་ཁྲིམས་༢༠༡༠ ཅན་མའི་ནང་འཁོད་དེ་འདུག།

དེ་ཡང་ སྤྱི་ལོ་༢༠༠༤ ཟླ་༨ པའི་ཚེས་༡༢ ལུ་ འབྲུག་གི་རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་ ཚོགས་ཐེངས་༨༢ པའི་ནང་ འཛམ་གླིང་གསོ་བའི་ལས་སྡེ་ ཏམ་ཁུ་དམ་འཛིན་གཞི་བཀོད་མཐུན་གྲོས་ཀྱི་ རྩ་ཕན་ཨིནམ་ལས་ འབྲུག་གིས་ འགན་འཁྲི་ཚུ་ འགྲུབ་ནིའི་དོན་ལུ་ ཁྲིམས་བཟོ་དང་ སྲིད་བྱུས་ཚུ་གི་ཐོག་ལས་ མཐུན་གྲོས་དེའི་དགོངས་དོན་ཚུ་ ལག་ལེན་འཐབ་དགོ་པའི་ ངོས་ལེན་འབད་ཡོདཔ་སྦེ་ཨིན་པས།

ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཚུ་ དོན་སྨིན་ཅན་སྦེ་ དམ་འཛིན་ངེས་བརྟན་འབད་ཐབས་ལུ་ སྤྱི་ལོ་༢༠༡༠ ཟླ་༦ པའི་ཚེས་༡ ལུ་ འབྲུག་གི་སྤྱི་ཚོགས་དང་པའི་ ཚོགས་ཐེངས་༥ པའི་ནང་ འབྲུག་གི་ཏམ་ཁུ་དམ་འཛིན་བཅའ་ཁྲིམས་༢༠༡༠ ཅན་མ་སྦེ་ ཆ་འཇོག་གྲུབ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *