འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་།

ཌོག་ཊར་དང་འཕྱད་ནིའི་ དུས་སྟབས་བཟོ་མི་དེ་གིས་ ནདཔ་ཚུ་ལུ་ ཕན་ཁྱད་བྱུང་ཡོདཔ།

༉ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ རྣམ་ཅོ་དང་ ལྷ་པ་ ལྐོདམ་གི་ སྨན་བཅོས་ལས་ཁུངས་ནང་ ཌོག་ཊར་དང་འཕྱད་ནིའི་ དུས་སྟབས་བཟོ་ནི་དེ་ སྤྱི་ཟླ་༣ པའི་ཚེས་༡ ལས་ འགོ་བཙུགས་པའི་ཤུལ་ལས་ བདུན་ཕྲག་༢ ཀྱི་ནང་འཁོད་ལུ་ ནདཔ་༥༠༧ གྱིས་ ཞབས་ཏོག་སྤྱོད་ནུག།
ལས་ཁུངས་དེ་ནང་ ཌོག་ཊར་དང་འཕྱད་ནིའི་ལས་རིམ་དེ་ དུས་སྟབས་བཟོ་བའི་ཤུལ་ལུ་ ནདཔ་ཚུ་གིས་ ཧེ་མ་བཟུམ་སྦེ་ དྲོ་པ་ལས་འོང་སྟེ་ བསྒུག་སྡོད་མ་དགོ་པར་ ཁོང་ར་ལུ་ དུས་ཚོད་བཟོ་སྟེ་བྱིན་མི་ནང་ འོངམ་ཅིག་ དེ་འཕྲོ་ལས་ ཌོག་ཊར་དང་གཅིག་ཁར་ འཕྱད་ཚུགས་ནི་ཨིན་པས།
རྣམ་ཅོ་དང་ ལྷ་པ་ ལྐདམ་གི་ ཌོག་ཊར་ཚུ་དང་ འཕྱད་འདོད་བཀོད་མི་ ནདཔ་ཚུ་གིས་ དུས་སྟབས་བཟོ་ནི་གི་ འགྲུལ་འཕྲིན་ཨང་༧༧༧༦༤༠༤༡ ནང་ གཏང་ཞིནམ་ལས་ དྲོ་པའི་ཆུ་ཚོད་༩:༣༠ ལས་ ཕྱི་རུའི་ཆུ་ཚོད་༣ ཚུན་ཚོད་དང་ རེས་གཟའ་ཉིམ་ལུ་འབདབ་ཅིན་ དྲོ་པའི་ཆུ་ཚོད་༩:༣༠ ལས ཕྱི་རུའི་ཆུ་ཚོད་༡ གི་བར་ན་ ཞབས་ཏོག་འདི་ སྤྱོད་ཚུགས་ནི་ཨིན་པས།
རྣམ་ཅོ་དང་ ལྷ་པ་ དེ་ལས་ ལྐོདམ་གི་ འབྲེལ་སྟེགས་བསུ་ལེན་པ་ ལེགས་སྐྱིད་ཀྱིས་ བཤད་མི་དང་འཁྲིལཝ་ད་ ཁོང་ལུ་འགྲུལ་འཕྲིན་ལྷོད་མི་ནདཔ་ཚུ་ལུ་ དུས་ཚོད་བྱིན་བཞག་དོ་ཡོདཔ་ལས་ ཁོང་གིས་བྱིན་མི་ དུས་ཚོད་དེ་ནང་ སྨན་ཁང་ནང་ལྷོད་ཚུགས་པ་ཅིན་ ག་ལུ་ཡང་དྲི་མ་དགོ་པར་ དེ་འཕྲོ་ལས་ ཌོག་ཊར་དང་གཅིག་ཁར་ འཕྱད་ཚུགས་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ཁོང་གིས་དུས་ཚོད་བྱིན་ཏེ་འབད་རུང་ དུས་ཚོད་དེ་ནང་ ལྷོད་མ་ཚུགས་པ་ཅིན་ ད་རུང་ལོག་སྟེ་ར་ ཧེ་མ་བཟུམ་སྦེ་ འགྲུལ་འཕྲིན་གཏང་སྟེ་ ལོག་དུས་ཚོད་ལེན་དགོཔ་ ཨིན་ཟེར་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་སྡེ་འཛིན་ ཌོག་ཊར་མགོ་གསར་སྤེན་པ་གིས་ བཤད་མི་དང་འཁྲིལཝ་ད་ ཁོང་གིས་ དུས་སྟབས་ཀྱི་ ཞབས་ཏོག་འགོ་བཙུགས་མི་དེ་གིས་ ནདཔ་ཚུ་སྨན་ཁང་ནང་ དུས་ཚོད་ཡུན་རིངམོ་སྦེ་ སྡོད་མ་དགོཔ་ལས་ ཁོང་ར་ལུ་ བྱིན་ཏེ་ཡོད་མི་ དུས་ཚོད་ལས་ དུས་ཡུན་སྐར་མ་༥ དེ་ཅིག་ནང་ ཧེ་མ་ལྷོད་ཚུགས་པ་ཅིན་ དེ་གིས་ར་ བཏུབ་ཟེར་ཨིན་པས།
དུས་སྟབས་ཀྱི་ཞབས་ཏོག་བྱིན་པའི་སྐབས་ ནདཔ་རེ་ལུ་ དུས་ཡུན་སྐར་མ་༡༠ རེ་བྱིན་དོ་ཡོདཔ་ད་ སྡེ་འཛིན་གྱིས་འབད་བ་ཅིན་ དུས་ཚོད་དེ་སྦེ་བྱིན་མི་དེ་གིས་ ཌོག་ཊར་གྱིས་འབད་རུང་ ནདཔ་ཚུ་ ལེགས་ཤོམ་སྦེ་ བརྟག་དཔྱད་འབད་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
ཧེ་མ་གི་ གནས་སྟངས་དང་འཁྲིལཝ་ད་ ནདཔ་༥༠ དེ་ཅིག་ གྱལ་ནང་སྡོད་པའི་སྐབས་ ཌོག་ཊར་གྱིས་འབད་རུང་ ཁྱོད་ག་ཅི་ནཝ་སྨོ་ཟེར་དྲི་ནི་དང་ བརྟག་དཔྱད་ལེགས་ཤོམ་སྦེ་ འབད་ནིའི་དུས་ཚོད་མེད་ནི་དེ་གིས་ དེ་འཕྲོ་ལས་ སྨན་བཟའ་ཟེར་ སླབ་སྟེ་ བཏང་པའི་སྐབས་ བརྟག་དཔྱད་ཀྱི་ སྤུས་ཚད་ལུ་ཡང་ ཐོ་ཕོག་སྟེ་སྡོད་ཅི་ཟེར་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སྨན་ཁང་གི་ ཞབས་ཏོག་བྱིན་ཐངས་ཀྱི་སྐོར་ལས་ རྩིས་ཞིབ་འབད་དེ་ ནདཔ་མང་རབས་ཅིག་དང་གཅིག་ཁར་ དྲི་བ་དྲིས་ལན་འབད་བའི་ཤུལ་ལུ་ ཁོང་གིས་འབད་རུང་ དུས་སྟབས་ཀྱི་ ཞབས་ཏོག་བྱིན་པ་ཅིན་ ཟེར་བའི་གྲོས་འབུལ་བཙུགས་དེས་ཟེར་ ཌོག་ཊར་མགོ་གསར་སྤེན་པ་གིས་ བཤདཔ་ཨིན་པས།
ད་ལྟོ་ དུས་སྟབས་ཀྱི་ཞབས་ཏོག་དེ་ རྣམ་ཅོ་དང་ལྷ་པ་ ལྐོདམ་གི་ སྨན་བཅོས་ལས་ཁུངས་ནང་ མོ་བཏབ་ཀྱི་དོན་ལུ་ འགོ་བཙུགས་ཡོདཔ་ཨིན་རུང་ ཤུལ་ལས་ ལེགས་ཤོམ་འགྱོ་བ་ཅིན་ གཞན་མི་ལས་ཁུངས་ཚུ་ནང་ཡང་ བཙུགས་ནི་གི་ འཆར་གཞི་ཚུ་ཡོདཔ་ཨིན་པས།
འཕྲལ་འཕྲལ་ཌོག་ཊར་ཚུ་ སྦྱོང་བརྡར་དང་ ངལ་གསོ་ལ་སོགས་པ་ཚུ་ནང་ འགྱོ་དགོཔ་ཨིན་རུང་ ཁོང་ར་གིས་ ཧེ་མ་ལས་འཆར་གཞི་ཚུ་ ཀྲིག་ཀྲི་བཟོ་དགོཔ་ཨིནམ་ལས་ དེ་དང་འཁྲིལ་ཏེ་ དུས་སྟབས་ཞབས་ཏོག་བྱིན་མི་ བསུ་ལེན་པ་དེ་གི་ཡང་ ནདཔ་ཚུ་ལུ་ དེ་དང་འཁྲིལ་ཏེ་རང་ བརྡ་དོན་དང་ཞབས་ཏོག་ཚུ་ བྱིན་འོང་ཟེར་ཨིན་པས།
ད་ལྟོ་ཚུན་ཚོད་ཀྱི་རིང་ ནདཔ་ཚུ་གིས་ དུས་ཡུན་རིངམོ་སྦེ་ སྒུག་སྡོད་དགོ་མི་དེ་ཡང་ དྲོ་པ་སྨན་ཁང་ནང་འོང་པའི་སྐབས་ ག་ར་སྟབས་གཅིག་ཁར་འོང་སྟེ་ གྱལ་ནང་སྒུག་སྡོད་པའི་བསྒང་ལས་ རྟིང་ཤུལ་འོང་མི་ ནདཔ་སྦེ་སར་ ལྷོད་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༡ དང་༢ སྦེ་ འགོར་དོ་ཡོདཔ་ཨིན་པས།
ཞབས་ཏོག་ལེན་པར་འོང་མི་ སྐྱེས་ལོ་༥༨ ལང་མི་ ཨཔ་དཔལ་འབྱོར་གྱིས་ བཤད་མི་དང་འཁྲིལཝ་ད་ དུས་སྟབས་ཞབས་ཏོག་དེ་གིས་ ནདཔ་ཡོངས་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
དེ་ཡང་ འགྲུལ་འཕྲིན་ཐོག་ལས་ རང་གི་དུས་ཚོད་དེ་ ཐོབ་ཞིནམ་ལས་ དེ་དང་འཁྲིལ་ཏེ་ སྨན་ཁང་ནང་ ཌོག་ཊར་འཕྱད་པར་འོང་ནི་མ་གཏོགས་ ཧེ་མ་བཟུམ་སྦེ་ ཆུ་ཚོད་༡ དང་༢ སྦེ་ བསྒུག་སྡོད་མ་དགོ་པའི་ཁེ་ཕན་ཡོདཔ་མ་ཚད་ སྨན་ཁང་ནང་འབད་རུང་ ནདཔ་ཚུ་ གྱལ་བཙར་སྡོད་པའི་སྐབས་ མི་འགྱོ་སའི་ལམ་ཡང་མེད་པར་ སྡོད་མ་དགོ་པའི་ ཁེ་ཕན་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *