འབྲུག་དང་ ཌེན་མཱག་རྒྱལ་ཁབ་ཀྱི་ ལོ་ཟུང་ཞལ་འཛོམས་ཐེངས་༢ པའི་ནང་ གྲལ་གཏོགས་འབད་མི་ འགོ་དཔོན་ཚུ།

ཌེན་མཱག་གིས་ རྫས་སྦྱོར་མེད་པའི་སོ་ནམ་ཐོན་སྐྱེད་ གོང་འཕེལ་གཏང་ནི་ལུ་ རྒྱབ་སྐྱོར་འབད་ནི།

༉ འབྲུག་དང་ ཌེན་མཱག་རྒྱལ་ཁབ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ རྒྱལ་ཁབ་ནང་ རྫས་སྦྱོར་མེད་པའི་སོ་ནམ་ཐོན་སྐྱེད་ཚུ་ གོང་འཕེལ་གཏང་ནི་ཨིནམ་མ་ཚད་ འཐུང་ཆུ་དང་ བཟའ་འཐུང་མ་ལང་པའི་དཀའ་ངལ་ཚུ་ཡང་ སེལ་ཐབས་འབད་ནི་ལུ་ ཤུགས་བཏོན་ནི་ཨིན་པས།
དེའི་སྐོར་ལས་ ཁ་ཙ་ ཐིམ་ཕུག་ལུ་འཚོགས་མི་ འབྲུག་དང་ ཌེན་མཱག་རྒྱལ་ཁབ་༢ ཀྱི་བར་ན་ ལོ་ཟུང་ཞལ་འཛོམས་ཐེངས་༢ པའི་ནང་ གསུང་གྲོས་གནང་ཡོདཔ་ད་ དེ་བསྒང་ རྒྱལ་ཁབ་༢ ཀྱི་བར་ན་ ལམ་སྲོལ་བརྗེ་སོར་དང་ གོང་འཕེལ་གཏང་ཐོག་ལས་ སྔར་བ་ལྷག་པའི་ མཐུན་ལམ་རྒྱ་བསྐྱེད་འབད་ནི་ཨིན་ཟེར་ཨིན་པས།
ལོ་ཟུང་ཞལ་འཛོམས་ནང་ འབྲུག་གི་ཧོངས་ལས་ ཕྱི་འབྲེལ་ལྷན་ཁག་གི་ ཡོངས་ཁྱབ་མདོ་ཆེན་ སྐལ་བཟང་དབང་ཕྱུག་གིས་གཙོས་པའི་ ལས་སྡེ་ཁག་གི་ འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ད་ ཌེན་མཱག་གཞུང་ལས་འབད་བ་ཅིན་ རྒྱ་གར་ལུ་ཡོད་པའི་ འབྲུག་ལུ་ ཌེན་མཱག་གི་གཞུང་ཚབ་ པི་ཊར་ ཏག་སོ་ ཇེ་སི་དང་ ཁོ་གི་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡི།
མ་གཞི་ འབྲུག་དང་ ཌེན་མཱག་རྒྱལ་ཁབ་ཀྱི་བར་ན་ གཞུང་འབྲེལ་གྱི་ མཐུན་འབྲེལ་གོང་འཕེལ་དེ་ མཇུག་བསྡུ་ཡོད་རུང་ སྲིད་དོན་དང་ ལམ་སྲོལ་ དེ་ལས་ དཔལ་འབྱོར་གོང་འཕེལ་དོན་ལུ་ འཆར་བཀོད་ཅིག་ བཟོ་ཡོདཔ་ལས་ དེ་དང་བསྟུན་མཉམ་འབྲེལ་གྱི་ཐོག་ལས་ ལཱ་འབད་ནི་ཨིན་པས།
འབྲུག་དང་ ཌེན་མཱག་གི་བར་ན་ ལོ་ངོ་བཅུ་ཕྲག་ཕྱེད་དང་༤ དེ་ཅིག་གི་རིང་ གཞུང་འབྲེལ་གྱི་ མཐུན་ལམ་ཐོག་ལས་ གོང་འཕེལ་གྱི་ ལས་སྣ་ཚུ་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༢ ལུ་ རྒྱལ་ཁབ་ཀྱི་དོན་ལུ་ འཆར་བཀོད་ཅིག་གུ་ མཚན་རྟགས་བཀོད་མི་དེ་གིས་ རྒྱལ་ཁབ་༢ ཀྱིས་ འཛམ་གླིང་ནང་ ཉེ་སྲུང་གོང་འཕེལ་དང་ དམངས་གཙོའི་རིང་ལུགས་དང་ལམ་སྲོལ་གོང་འཕེལ་ རང་བཞིན་གནས་སྟངས་ཉམས་སྲུང་ དེ་ལས་ འཛམ་གླིང་ཚ་དྲོད་ལུ་བརྟེན་པའི་ གནོད་སྐྱོན་ཚུ་ གདོང་ལེན་འབད་ནི་ལུ་ མཐུན་ལམ་གྱི་ཐོག་ལས་ ལཱ་འབད་ནི་ཨིན་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ རྒྱལ་ཁབ་ནང་ རྫས་སྦྱོར་མེད་པའི་ སོ་ནམ་གྱི་ལཱ་འབད་ནི་ཨིནམ་ད་ དེ་ཡང་ ཌེན་མཱག་རྒྱལ་ཁབ་དེ་ འཛམ་གླིང་ནང་ རྫས་སྦྱོར་མེད་པའི་ སོ་ནམ་གྱི་ལཱ་ལུ་ བཙོན་ཤུགས་བསྐྱེད་མི་ རྒྱལ་ཁབ་འབད་ནི་དེ་གིས་ འབྲུག་ལུ་ཡང་ ཕན་ཐོགས་འབྱུང་ནི་མས་ཟེར་ ཡོངས་ཁྱབ་མདོ་ཆེན་ སྐལ་བཟང་དབང་འདུས་ཀྱིས་ ཞལ་འཛོམས་ཀྱི་སྐབས་ བཤད་ཅི།
འབྲུག་དང་ ཌེན་མཱག་གི་བར་ན་འཚོགས་མི་ ལོ༌ཟུང༌ ཞལ༌འཛོམས༌དེ༌གིས༌ རྒྱལ༌ ཁབ༌༢ ཀྱི༌བར༌ན༌ མཐུན༌ལམ་ཡར་དྲག་དང་ གཅིག༌གིས༌ གཅིག༌གི་ལུ༌ གུས༌ཞབས༌ གོང༌འཕེལ༌གཏང༌ནིའི༌ ཐབས༌ ཤེས༌ཅིག༌ཟེར༌ཨིནམ༌ལས༌ ཞལ༌འཛོམས༌དེ༌ལུ༌ བརྩི༌མཐོང༌ སྦོམ༌ཡོད༌ཟེར༌ཨིན༌པས།
ཌེན་མཱག་དེ་ ཧེ་མ་ལས་ར་ འབྲུག་གི་དོན་ལུ་ གྲོགས་རམ་འབད་མི་ རྒྱལ་ཁབ་ཅིག་ཨིནམ་བཞིན་དུ་ གསོ་བ་དང་ཤེས་རིག་ གཞུང་སྐྱོང་ལེགས་ལྡན་ དེ་ལས་ རང་བཞིན་གནས་སྟངས་ཉམས་སྲུང་དོན་ལུ་ རྒྱབ་སྐྱོར་འབད་མི་དེ་གིས་ རྒྱལ་ཁབ་ནང་ དུས་ཚོད་ཐུང་ཀུ་ཅིག་ནང་ ལས་སྡེ་ཚུ་ གོང་འཕེལ་ལེགས་ཤོམ་བཏོན་ཚུགས་ཡི་ཟེར་ སྐལ་བཟང་དབང་འདུས་ཀྱིས་ བཤད་ཅི།
དེ་མ་ཚད་ ཌེན་མཱག་གིས་ འཕྲུལ་རིག་ནང་ མ་དངུལ་རྒྱབ་སྐྱོར་འབད་མི་དེ་གིས་ དམིངས་གཙོའི་རིང་ལུགས་ ལེགས་ཤོམ་སྦེ་ འགོ་བཙུགས་ཚུགས་པའི་ཁར་ ད་རེས་ སྒྲིང་སྒྲི་ཅིག་ལུ་ གྱུར་ཡོདཔ་བཞིན་དུ་ དམངས་གཙོའི་རིང་ལུགས་ལུ་བརྟེན་ འབྲུག་མི་ཚུ་གི་ མི་ཚེ་ལེགས་བསྒྱུར་གཏང་ཚུགས་ནི་ལུ་ཡང་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཌེན་མཱག་གཞུང་གིས་ ལས་སྡེ་ཚུ་ གོང་འཕེལ་གཏང་ནིའི་དོན་ལུ་ འཕྲུལ་རིག་དང་ ཐབས་བྱུས་ཀྱི་ རྒྱབ་སྐྱོར་འབད་མི་ལས་ མ་དངུལ་གྱི་གྲོགས་རམ་བྱིན་མི་དེ་ འབྲུག་ལུ་ བློ་གཏད་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་ཨིནམ་ད་ དེ་བཟུམ་གྱི་ བློ་གཏད་དེ་ རྒྱལ་ཁབ་༢ ཀྱི་བར་ན་ མཐུན་ལམ་ལེགས་ཤོམ་དང་ དྭངས་གསལ་ཡོད་པའི་ བརྡ་མཚོན་ཨིན་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *