དགེ་ལེགས་ཕུག་གི་ ས་མཚམས་ས་ཁོངས་ཚུ་ནང་ཡོད་མི་ སྣུམ་འཁོར་བཅོ་ཁང་དང་ རག་རོ་བཀོག་སའི་ ས་ཁོངས་ནང་ གཟན་དོམ་ཚུ་ འཁྱམས་སྡོད་ནིའི་ ཉེན་ཁ་ཡོད་པའི་མཐོང་སྣང་།

ཌེང་གི་བཀག་ཐབས་ལུ་ ལས་སྡེ་གཅིག་བསྡོམས་ཚོགས་ཆུང་ གཞི་བཙུགས་འབད་ནི།

༉ གསར་སྤང་དང་ དགེ་ལེགས་ཕུག་ལུ་ ཚ་བ་དྲོད་འབར་གྱི་ ནད་གཞི་གདུག་ཅན་ ཌེང་གི་ཐོབ་མིའི་ གྱངས་ཁ་དེ་ ཡར་འཕར་འགྱོ་དོ་ཡོད་མི་དེ་ཡང་ འདས་པའི་བདུན་ཕྲག་ནང་ ཌེང་གི་ཐོབ་མི་༡༨༦ ཐོ་བཀོད་འབད་མི་ལས་ སྤྱི་ཟླ་༩ པའི་ཚེས་༡༤ ཚུན་ཚོད་༢༠༠ ལུ་ ཡར་སེང་སོང་ནུག།

ནད་གཞི་ཐོབ་མིའི་ གྱངས་ཁ་ཚད་འཛིན་དང་ དར་ཁྱབ་འགྱོ་ནི་ལས་ བཀག་ཐབས་ལུ་ སྤྱི་ཟླ་༩ པའི་ཚེས་༡༤ ལུ་ དབུས་ཕྱོགས་ལུང་ཕྱོགས་གཙོ་བསྟོན་སྨན་ཁང་ནང་ ལས་སྡེ་སྣ་ཚོགས་ཀྱི་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ ཉིནམ་༡ གི་ཞལ་འཛོམས་ནང་ ལས་ཁུངས་དང་ ལས་སྡེ་ཁག་སོ་སོའི་ འགོ་འཛིན་ཚུ་གིས་ བཅའ་མར་གཏོགས་ནུག།

ཞལ་འཛོམས་ནང་ ཌེང་གི་ནད་གཞི་ཐོབ་མི་ དམ་འཛིན་འབད་མ་ཚུགས་མིའི་ རྒྱུ་རྐྱེན་གཙོ་བོ་ར་ མི་མང་ལས་ རྒྱབ་སྐྱོར་དང་ མཉམ་འབྲེལ་མེད་མི་ལུ་བརྟེན་ཨིནམ་སྦེ་ གྲོས་བསྡུར་བྱུང་ཡོདཔ་ཨིན་པས།

ནད་འབུབ་དང་འབྲེལ་བའི་ ནད་གཞི་དམ་འཛིན་ལས་རིམ་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ས་མཚམས་ཁྲོམ་སྡེའི་ ས་ཁོངས་ཚུ་ནང་ སྡོད་མི་ཚུ་གིས་ ཁྱིམ་ནང་ན་ སྨན་ཆུ་གཏོན་ནི་ལུ་ དང་འདོད་བསྐྱེད་མི་བཏུབ་པས་ཟེར་ཨིན་པས།

ད་རུང་ ཕྱགས་བདར་རྐྱབ་ནི་དང་ རག་རོ་བསྡུ་བསྒྱོམ་འབད་ནི་ དེ་ལས་ སྔོན་འགོག་གི་ ཐབས་ཤེས་བཏོན་པའི་སྐབས་ མི་སྡེ་ལས་ བཅའ་མར་གཏོགས་མི་ གངམ་མེད་པའི་ཁར་ ས་མཚམས་བདའ་སྟེ་ ཕར་ཚུར་རྒྱུན་འགྲུལ་བཀག་འཛིན་འབད་ནི་མེད་མི་དང་ དམིགས་བསལ་དུ་ ནད་གཞི་ཐོབ་མི་ ཕམ་ཚུ་གི་ ནང་འཁོད་ལུ་ གཟན་དོམ་སིང་རས་ནང་ སྡོད་མ་བཏུབ་ནི་དེ་གིས་ ཌེང་གི་ཐོབ་མི་ ཡར་སེང་འགྱོཝ་མས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

རྫོང་ཁག་དེ་ནང་ ཌེང་གི་ཐོབ་མི་ཚུ་ ངོས་འཛིན་འབད་མི་ལས་ བརྒྱ་ཆ་༩༠ དེ་ཅིག་ ཕྱི་ཁ་ལས་ཐོབ་སྟེ་ ནང་ན་འོང་མི་ཚུ་ཨིན་མི་དེ་ཡང་ ནདཔ་ཚུ་ ཌེང་གི་ཁྱབ་སྤེལ་སོང་མིའི་ས་གནས་ ཕུན་ཚོགས་གླིང་དང་ བཀྲིས་གཡང་རྩེ་དོག་གསུམ་ལུ་ འགྲོ་འགྲུལ་འབད་བའི་སྐབས་ལུ་ ནད་གཞི་ཐོབ་ཡོདཔ་ཨིན་པས།

ནད་གཞི་ཁྱབ་སྤེལ་སོང་མིའི་ རྒྱུ་རྐྱེན་ཅིག་ ས་མཚམས་ས་ཁོངས་ཚུ་ནང་ ལམ་འགྲུལཔ་ཚུ་ལུ་ བཀག་འཛིན་དང་ ལྟ་རྟོག་འབད་ནི་མེད་མི་ལུ་བརྟེན་ཨིན་པས།

གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཌེང་གི་ཐོབ་མི་ནདཔ་ཚུ་ ག་ཏེ་ཡང་མ་འགྱོ་བར་ ངལ་འཚོ་སྡོད་དགོཔ་སྦེ་ སྨན་ཁང་ཚུ་གིས་ བསླབ་བྱ་དང་ ཁ་བཀོད་ཚུ་ བྱིན་བཞིན་དུ་ཡོད་རུང་ ནདཔ་ཚུ་གཡང་ཟ་བག་ཟོན་ག་ནི་ཡང་མེད་པར་ མི་མང་གི་ སྐྱེལ་འདྲེན་ཞབས་ཏོག་ཚུ་ནང་ རྒྱུན་འགྲུལ་འཐབ་མས་ཟེར་ཨིན་པས།

འདས་པའི་བདུན་ཕྲག་ནང་ ཚད་ནད་ཌེང་གི་ཐོབ་མི་ ནདཔ་༢ ཕུན་ཚོགས་གླིང་ལས་ དགེ་ལེགས་ཕུག་ལུ་ འགྲུལ་སྐྱེལ་བཱསི་ཅིག་ནང་ འཛུལ་འོང་ཡོདཔ་མ་ཚད་ ཁོང་གིས་ ཁ་རས་ལག་ལེན་མ་འཐབ་པའི་ཁར་ ཁོང་གི་གཟུགས་སྤུར་ནི་གི་ བརྩོན་ཤུགས་ཡང་ བསྐྱེད་མ་བཏུབ་པས་ཟེར་ ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཅིག་གིས་ བཤད་ནུག།

དགེ་ལེགས་ཕུག་དང་ ཕུན་ཚོགས་གླིང་ བསམ་གྲུབ་ལྗོངས་མཁར་ བསམ་རྩེ་ཚུ་ནང་ གཟན་དོམ་རིགས་མ་འདྲཝ་གཉིས་ཡོདཔ་ལས་ ནད་ཐོབ་མི་ནདཔ་ཅིག་ ལྟ་རྟོག་མེད་པར་ བཞག་པ་ཅིན་ ནད་འབུ་ནི་གི་ ཉེན་ཁ་སྦོམ་ཡོདཔ་ད་ དཔེར་ན་ མི་མང་སྐྱེལ་འདྲེན་བཱསི་ཅིག་ནང་ གཟན་དོམ་ཕུད་རྡོག་གཅིག་གིས་ ཌེང་གི་ཐོབ་མི་ ནདཔ་ཅིག་ལུ་ སོ་བཏབ་པ་ཅིན་ འགྲུལ་པ་གཞན་ཚུ་ལུ་ ནད་འབུ་ཉེན་ཡོད་མི་དེ་ཡང་ གཟན་དོམ་ཨེ་ཌིསི་ཟེར་མི་ ཕུད་རྡོག་གཅིག་གིས་ར་ ཉིནམ་ཅིག་ལུ་ མི་༡,༠༠༠ ལུ་ སོ་བཏབ་ཚུགསཔ་ཨིན་པས།

ད་རུང་ ནད་ཐོབ་མིའི་སྐོར་ལས་ སྙན་ཞུ་འབད་ནི་ ཕྱིས་མི་དེ་གིས་ཡང་ ནད་གཞི་ཁྱབ་སྤེལ་འགྱོ་ནི་ལུ་ ལྷན་ཐབས་འབད་དོ་ཡོདཔ་ད་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཕུན་ཚོགས་གླིང་ལུ་ ཌེང་གི་ཐོབ་མི་དང་པ་ར་ སྤྱི་ཟླ་༤ པའི་ནང་ བདའ་ཟུན་ཡོདཔ་ཨིན་རུང་ བཀག་འཛིན་འབད་ནི་ཚུ་ སྤྱི་ཟླ་༦ པ་མཇུག་བསྡུ་ཁམས་དང་ སྤྱི་ཟླ་༧ པ་འགོ་བཙུགསཔ་ད་རྐྱངམ་གཅིག་ འགོ་བཙུགས་ནུག་ཟེར་ཨིན་པས།

མ་གཞི་ ཌེག་གི་ཐོབ་མི་ ཡར་སེང་སོང་ཡོད་རུང་ རྫོང་ཁག་ནང་འཁོད་ལུ་ ཁྱབ་སྤེལ་འགྱོ་ནི་ལས་ དམ་འཛིན་འབད་ཚུགས་ཏེ་ཡོད་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ བཤད་པའི་ཁར་ རྫོང་ཁག་དེ་ནང་ མི་༢༠༠ ལུ་ ནད་གཞི་ཐོབ་མི་ལས་ ནདཔ་༢༠ ཕར་ཚུར་རྒྱུན་འགྲུལ་མ་འཐབ་མི་ཨིན་པའི་ ཤེས་རྟོགས་བྱུང་ནུག།

སྔོན་འགོག་ཐབས་ལམ་ དཔེར་ན་ གཟམ་དོན་ཚུ་འཁྱམས་སའི་ ས་ཁོངས་ཚུ་ མེདཔ་བཏངམ་མ་ཚད་ ནད་གཞི་ཐོབ་མི་ཚུ་ལུ་ དུས་རྒྱུན་དུ་ ལྟ་རྟོག་འབད་བའི་ཁར་ གཟན་དོམ་ཚུ་གིས་ སོ་བཏབ་ནི་ལས་ བཀག་ཐབས་ལུ་ ཡུན་ཐུབ་ཀྱི་ སིང་རས་ཚུ་ བགོ་བཀྲམ་དང་ སྨན་ཆུ་ཚུ་ གཏོར་བཞིན་དུ་ཡོདཔ་ཨིན་པས།

ཨིན་རུང་ གསོ་བ་ལྷན་ཁག་གི་ བརྩོན་ཤུགས་རྐྱངམ་གཅིག་གིས་ ནད་གཞི་ཐོབ་མི་ མར་ཕབ་འབད་མི་ཚུགས་ནི་ཨིནམ་ལས་ སྤྱི་རུབ་ཀྱི་བརྩོན་ཤུགས་བསྐྱེད་དགོཔ་འདུག་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ བཤད་པའི་ཁར་ དེ་གི་དོན་ལུ་ ལས་སྡེ་གཅིག་ཚོགས་ཆུང་ཅིག་ གཞི་བཙུགས་འབད་དགོ་པའི་ གྲོས་འདེབས་བཀོད་ནུག།

ལས་སྡེ་སྣ་ཚོགས་ལས་ འཐུས་མི་ཚུ་ཡོད་མི་ ཚོགས་ཆུང་གིས་ གླ་འཁོར་དང་ ཊཱག་ཚོགས་པ་ ཚོང་འབྲེལ་ཁང་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ སྔོན་འགོག་གི་ ཐབས་ཤེས་ཚུ་ ལག་ལེན་འཐབ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

རྫོང་ཁག་དང་ ཁྲོམ་སྡེ་བདག་སྐྱོང་ཚུ་གིས་ ནད་གཞི་སྔོན་འགོག་དང་ དམ་འཛིན་འབད་ནིའི་ བརྩོན་ཤུགས་ཚུ་ནང་ དངུལ་འབྲེལ་དང་ བདག་སྐྱོང་དང་འབྲེལ་བའི་ རྒྱབ་སྐྱོར་ཚུ་ བྱིན་ནི་གི་ ཁས་ལེན་འབད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *