བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཕུན་ཚོགས་གླིང་སྨན་ཁང་ནང་ ཌེང་གི་ནད་གཞི་ཐོབ་མི་ ནདཔ་ཚུ་དང་གཅིག་ཁར་ ཕྱད་པའི་བསྒང་།

ཌེང་གི་ནད་གཞི་ ཚད་འཛིན་འབད་ནི་དང་ མདུན་སྐྱོད་ཐབས་ལམ་གཏོན་ནི།

༉ ཁ་ཙ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཕུན་ཚོགས་གླིང་སྨན་ཁང་གི་ འཛིན་སྐྱོང་དང་ཕྱད་དེ་ ཁྱབ་སྤེལ་སོང་ཡོད་པའི་ ཌེང་གི་ནད་གཞི་ ཚད་འཛིན་འབད་ནི་དང་ མདུན་སྐྱོད་ཐབས་ལམ་གཏོན་ནིའི་སྐོར་ལས་ གྲོས་བསྟུན་འབད་ནུག།
བློན་ཆེན་གྱིས་ སྨན་ཁང་ནང་བཞག་མི་ ནདཔ་ཚུ་དང་ཕྱད་ཡོདཔ་མ་ཚད་ སྨན་ཁང་གི་ ལས་བྱེདཔ་ཚུ་གིས་ ལཱ་རྩ་འགེངས་འབད་མི་ལུ་ ལེགས་བསྟོད་གསུངས་པའི་ཁར་ སྙན་ཞུ་ཚུ་ཕུལ་དགོཔ་སྦེ་ གསུངས་ཡོདཔ་ད་ མ་འོངས་པ་ལུ་ ནད་གཞི་ཁྱབ་སྤེལ་མི་འགྱོ་ནི་ཚུ་ བཀག་ཐབས་དོན་ལུ་ ཐབས་བྱུས་ཚུ་ གཏོན་དགོཔ་འདུག་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ནད་གཞི་ཐོབ་མིའི་གྱངས་ཁ་དེ་ ཚབས་ཆེན་ཅིག་ཨིན་མས་ཟེར་ཨིནམ་ད་ ང་བཅས་ཀྱིས་ དྲནམ་བཏོན་ཏེ་ལཱ་འབད་བ་ཅིན་ ནད་གཞི་དེ་ ཚད་འཛིན་འབད་ཚུགས་ཚུགསཔ་འོང་ཟེར་ ཨིན་པས།
སང་ཕོད་ལས་ ནད་གཞི་ཁྱབ་སྤེལ་མ་འགྱོ་བའི་ཧེ་མར་ སྔོན་འགོག་གི་ལཱ་འབད་ནི་ཨིནམ་ལས་ དེ་གིས་ ནད་གཞི་ཐོབ་མིའི་གྱངས་ཁ་ མར་ཕབ་འབད་ཚུགས་ཟེར་ཨིན་པས།
སྨན་ཁང་གི་ ལས་བྱེདཔ་ཚུ་གིས་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ སྤྱི་ཟླ་༩ པའི་ཚེས་༧ གྱི་ནང་འཁོད་ལུ་ མི་གྲངས་༢,༢༢༧ གིས་ ཌེང་གི་ཐོབ་པའི་ ཐོ་བཀོད་འབད་ཡོད་པའི་ཁར་ སྒེར་གྱི་ནད་བརྟག་ཁང་གིས་ མི་གྲངས་༨༩༤ ལུ་ ནད་གཞི་ཐོབ་ཡོད་པའི་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ ཚབས་ཆེན་ནདཔ་༡༩ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡི་ཟེར་ཨིན་པས།
སྨན་ཁང་གི་འཛིན་སྐྱོང་གིས་ ནད་གཞི་ཁྱབ་སྤེལ་སོང་བའི་སྐབས་ གདོང་ལེན་བྱུང་མི་ཚུ་ཡང་ གསལ་ཞུ་འབད་ཡོདཔ་ད་ སྨན་ཁང་གི་གློ་བུར་ཁང་མིག་ནང་ ཉལ་ཁྲི་༨ ཡོད་མི་དེ་གིས་ ལང་མ་ཚུགས་ཟེར་ཨིན་པས།
ཌོག་ཊར་འཕྲིན་ལས་དཔལ་བཟང་གིས་ སླབ་མིའི་ནང་ ནད་གཞི་བརྟག་དཔྱད་འབད་མི་ ཅ་ཆས་ཚུ་ཡང་ ལཱ་འབད་མ་བཏུབ་ལས་ གནད་དོན་ལ་ལོ་ཅིག་ བདའ་ཟུན་མ་ཚུགས་ཟེར་ ཨིན་པས།
ཌེང་གི་ཐོབ་ཡོད་པའི་ ནད་རྟགས་སྟོན་རུང་ ཅ་ཆས་དེ་གིས་ གྲུབ་འབྲས་ལེགས་ཤོམ་མ་ཐོནམ་ལས་ སྒེར་གྱི་བརྟག་དཔྱད་ལྟེ་བ་ནང་ བརྟག་དཔྱད་འབདཝ་ད་ ཌེག་གི་ཐོབ་ཡོད་པའི་ གྲུབ་འབྲས་ཐོན་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་སྡེ་གིས་ རྒྱབ་སྐྱོར་ལེགས་ཤོམ་ཅིག་ ཐོབ་མ་ཚུགས་ཟེར་ཨིནམ་ད་ འབྲུག་མི་ཚུ་ ས་མཚམས་ཁར་སྡོད་མི་ལུ་བརྟེན་ ནད་གཞི་ཚད་འཛིན་འབད་ནི་ལུ་ དཀའ་ངལ་བྱུང་ཡི་ཟེར་ཨིན་པས།
ནད་གཞི་དེ་ཡང་ ཇའི་སྒང་དང་ དཔག་བསམ་ཁ་ལས་ སྙན་ཞུ་མངམ་ལྷོད་ཡོདཔ་ད་ བློན་ཆེན་གྱིས་ གསུངས་མིའི་ནང་ མི་མང་གིས་ བཅའ་མར་མི་གཏོགས་པས་ཟེར་ སླབ་ནི་མེན་པར་ ས་མཚམས་བདའ་སྟེ་ ཚད་འཛིན་འབད་མ་ཚུགས་རུང་ ནང་འཁོད་ལུ་ ཚད་འཛིན་ལེགས་ཤོམ་འབད་དགོ་ཟེར་ ཨིན་པས།
གོ་བ་བརྡ་སྤྲོད་འབད་ནི་དང་ ཐབས་ལམ་བཏོན་ནི་རྐྱངམ་གཅིག་ ཨིནམ་བཞིན་དུ་ ཧེ་མའི་ ཉམས་མྱོང་ཚུ་ལུ་བརྟེན་ ལྷན་ཐབས་འབད་ཚུགས་དགོ་ཟེར་ བློན་ཆེན་གྱིས་ བཤད་ཡོདཔ་ཨིན་པས།
ནད་བརྟག་ཅ་ཆས་ཐད་ཁར་ བློན་ཆེན་གྱིས་འབད་བ་ཅིན་ ད་ལས་ཕར་ གསོ་བ་ལྷན་ཁག་གིས་ དམིགས་བསལ་གྱི་ བརྟག་དཔྱད་ཅ་ཆས་ཚུ་ ལེན་དགོ་ཟེར་ཨིནམ་ད་ ད་རེས་ ཅ་ཆས་ཚུ་གིས་ ལཱ་མ་བཏུབ་པའི་ ལོ་རྒྱུས་གོཝ་ད་ རྣམ་རྟོག་ལང་སི་སི་ཅིག་ ཨིན་མས་ཟེར་ཨིན་པས།
གལ་སྲིད་ ཅ་ཆས་ཚུ་གིས་ ལཱ་འབད་མ་བཏུབ་པ་ཅིན་ ཐད་ཀར་དུ་ མི་མང་གསོ་བའི་ལས་ཁུངས་ལུ་ སྙན་ཞུ་འབད་དགོ་ཟེར་ཨིནམ་ད་ གསོ་བའི་ཞབས་ཏོང་ཚུ་ མི་ཚུ་གིས་ ལེན་དོ་ཡོདཔ་ལས་ བློ་མ་བདེ་བར་ སྡོད་ནི་མི་འོང་ཟེར་ བློན་ཆེན་གྱིས་ བཤད་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་དྲུང་པ་ ཀརྨ་རིན་ཆེན་གྱིས་ སླབ་མིའི་ནང་ སྨན་ཁང་གི་བདག་སྐྱོང་ནང་ སྲིད་བྱུས་དང་འབྲེལ་བའི་ སྟབས་མ་བདེཝ་འདུག་ཟེར་ཨིནམ་ད་ སྨན་ཁང་གིས་ ནད་གཞི་ཁྱབ་སྤེལ་སོང་བའི་ སྙན་ཞུ་ཚུ་ གཞུང་ལྟེ་བ་ལུ་ ཕུལ་ནིའི་འགན་ཁྲི་འབག་དོ་ཡོདཔ་ལས་ ཁྲོམ་སྡེ་དང་ དྲུང་ཁག་དེ་ ཟུར་ཁར་ལུསཔ་མས་ཟེར་ ཨིན་པས།
ཁོ་གིས་འབད་བ་ཅིན་ སྨན་ཁང་གི་བདག་སྐྱོང་གིས་ ཁྲོམ་སྡེ་དང་ དྲུང་ཁག་ལུ་ དུས་ཚོད་ཁར་ སྙན་ཞུ་མ་འབད་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ སྨན་ཁང་གཞན་ཚུ་ནང་ཡང་ དེ་བཟུམ་མའི་ གནས་སྟངས་ཚུ་ཡོདཔ་ལས་ གནད་དོན་དེ་ བདུན་ཕྲག་༡ གི་ནང་འཁོད་ལུ་ར་ སེལ་ཐབས་འབད་འོང་ཟེར་ཨིན་པས།
མི་མང་གསོ་བའི་ལས་ཁུངས་ཀྱི་མདོ་ཆེན་ ཌོག་ཊར་ཀརྨ་ལྷ་འཛིན་གྱིས་ སླབ་མིའི་ནང་ ལས་ཁུངས་ཀྱིས་ གནད་དོན་ག་ར་ བལྟ་ཞིནམ་ལས་ སེལ་ཐབས་འབད་འོང་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ ཌེང་གི་ནད་གཞི་དེ་ འགོ་དང་པ་ར་ སྤྱི་ཟླ་༧ པའི་ཚེས་༥ པའི་ནང་ ཐོན་ཡོདཔ་བཞིན་དུ་ ནད་གཞི་དེ་ལུ་བརྟེན་ རྒྱལ་ཁབ་ནང་ མི་༤ ལུ་ ཤི་རྐྱེན་བྱུང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *