ཌི་ཇི་ཊཱལ་འབྲུག་ཡུལ་གྱིས་ འབྲུག་མི་ཚུ་ལུ་དབང་ཆ་དང་ ཞབས་ཏོག་འདྲ་མཉམ་བྱིན་ནི།

༉ གཞུང་གིས་ ཨང་གནས་ཅན་གྱི་ཐོག་ལས་ མི་མང་ཞབས་ཏོག་ལེགས་བསྒྱུར་འབད་དེ་ དབང་ཆ་བྱིན་ནི་ཨིན་ཟེར་མི་ ཌི་ཇི་ཊཱལ་འབྲུག་ཡུལ་དམིགས་བསལ་ལས་རིམ་ འགོ་བཙུགས་ཡོདཔ་ཨིན་པས།
ལས་རིམ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་བཞེད་དང་འཁྲིལ་ གསོ་བའི་འཕྲོད་བསྟེན་དང་ ཤེས་རིག་ དེ་ལས་ སོ་ནམ་ལས་དོན་ཚུ་ནང་ འཕྲུལ་རིག་ལག་ལེན་འཐབ་སྟེ་ དཀའ་ངལ་བསལ་ནི་དང་ གཞུང་སྐྱོང་དང་ དམངས་གཙོའི་རིང་ལུགས་ཡར་དྲག་གཏང་ནི་ ལཱ་གཡོག་ས་སྟོང་བཟོ་ནི་ ཁྲོམ་སྡེ་ཚུ་ ཉེན་སྲུང་དང་གཙང་སྦྲ་དང་ལྡནམ་བཟོ་ནི་ དེ་ལས་ ཕྱོགས་སྣ་ཚོགས་ལས་ མི་སེར་ཚུ་གི་ ཕན་ཐབས་ལུ་ དམིགས་ཏེ་ཨིན་པས།
བརྒྱུད་འབྲེལ་ལྷན་ཁག་འོག་གི་ བརྡ་དོན་འཕྲུལ་རིག་དང་བརྒྱུད་འཕྲིན་ལས་ཁུངས་ཀྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ཌི་ཇི་ཊཱལ་འབྲུག་ཡུལ་དམིགས་བསལ་ལས་རིམ་གྱིས་ ད་རེས་ རིམ་མང་སྲིད་གཞུང་ལུ་བརྟེན་ མི་སེར་ཚུ་ ཞབས་ཏོག་འཐོབ་ནི་ལུ་ ལཱ་ཁག་རྐྱབ་ཡོད་མི་དེ་ མེདཔ་བཟོ་ཞིནམ་ལས་ ཞབས་ཏོག་འདྲ་མཉམ་སྦེ་འཐོབ་ཚུགས་ཟེར་ཨིན་པས།
ཌི་ཇི་ཊཱལ་འབྲུག་ཡུལ་གསར་བཏོད་འོག་ལུ་ འབྲུག་མི་ཆ་མཉམ་ལུ་ ཨང་གནས་ཀྱི་ངོ་རྟགས་བྱིན་ནི་ཨིནམ་ལས་ དེ་གིས་ གསོ་བའི་འཕྲོད་བསྟེན་དང་ ཞབས་ཏོག་གཞན་ཚུ་བརྩིས་ཏེ་ གཞུང་གི་ཡོངས་འབྲེལ་ཞབས་ཏོག་སྣ་ཚོགས་ འཐོབ་ཚུགས་ནི་ཨིན་པས།
ད་ལྟོ་ མི་སེར་ཚུ་གིས་ ལས་སྡེ་གཅིག་ལས་གཅིག་བརྒྱུད་དེ་ ཡིག་ཆས་ལེན་པར་འགྱོ་དགོ་མི་དེ་ ཌི་ཇི་ཊཱལ་འབྲུག་ཡུལ་གྱིས་ གཞུང་ལས་མི་སེར་གྱི་ཞབས་ཏོག་ བརྒྱ་ལྷགཔ་སྦེ་ཡོད་མི་ཚུ་ ས་གོ་གཅིག་ནང་ལས་ འཐོབ་ཚུགས་ནི་ཨིན་པས།
བརྡ་དོན་འཕྲུལ་རིག་དང་བརྒྱུད་འཕྲིན་ལས་ཁུངས་ཀྱི་ ལག་ལེན་སྡེ་ཚན་གྱི་འགོ་འཛིན་པ་ བློ་བཟང་རྒྱ་མཚོ་གིས་ སླབ་མིའི་ནང་ ཨང་གནས་ངོ་རྟགས་བཟོ་བའི་བསྒང་ལས་ ཉོགས་མེད་ཡི་གུ་དང་ ཡིག་ཆས་ཚུ་ ལས་སྡེ་གཞན་ཚུ་ནང་ ངོ་རྐྱང་སྦེ་སོང་སྟེ་ ལེན་མི་དགོ་ཟེར་ཨིན་པས།
ཞབས་ཏོག་དེ་ གཞི་བཙུགས་འབད་ཚར་བའི་བསྒང་ལས་ མི་སེར་ཚུ་གིས་ ཨང་གནས་ཅན་གྱི་ངོ་རྟགས་ལག་ལེན་འཐབ་སྟེ་་ ས་གནས་ག་ཏེ་ལས་འབད་རུང་ ཞབས་ཏོག་འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་ནི་ཨིན་པས།
ལས་རིམ་དེ་གི་ དམིགས་གཏད་སྦོམ་ཤོས་ཅིག་ སྨན་ཁང་ཚུ་ནང་ ནདཔ་ཚུ་གི་ བརྡ་དོན་ལམ་ལུགས་ཨི་པི་སི་ཟེར་མི་ ཡོངས་འབྲེལ་གཞི་བཙུགས་འབད་ནི་དེ་ཨིནམ་ད་ དེ་གིས་ ནདཔ་རེ་རེ་བཞིན་དུ་གི་ སྨན་བཅོས་ཐོ་བཀོད་དང་ རིམ་པ་ཚུ་གི་ ཐོ་བཞག་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
ལས་ཁུངས་ཀྱི་ བརྡ་དོན་འཕྲུལ་རིག་གཙོ་འཛིན་འགོ་དཔོན་ བསོད་ནམས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ དེ་གི་ཐོག་ཁར་ གཞུང་གི་ཡིག་ཚང་དང་ སློབ་གྲྭ་ ཡན་ལག་སྨན་ཁང་ཚུ་བསྡོམས་ཏེ་ མི་གྲངས་༡,༠༨༠ དེ་ཅིག་ ལས་རིམ་འོག་ལུ་ མཐུད་སྦྲེལ་འབད་ནི་ཨིན་ཟེར་ཨིན་པས།
དེ་ལས་ ལག་ལེན་པའི་ལྕོགས་གྲུབ་ཡར་སེང་གི་དོན་ལུ་ མི་གྲངས་༨,༥༠༠ དེ་ཅིག་ལུ་ འཕྲུལ་རིག་དང་འབྲེལ་བའི་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
ལས་རིམ་གྱི་དོན་ལུ་ མ་དངུལ་ཐེར་འབུམ་༢.༥ བགོ་བཀྲམ་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *