ཊཱནསི་པོཊ་ཡུ་ནའེ་ཊེཊ་གིས་ གཱོལ་༨ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ།

༉ ཊཱནསི་པོཊ་ཡུ་ནའེ་ཊེཊ་ཨེཕ་སི་གིས་ སྤ་རོ་རིན་སྤུངས་ཨེཕ་སི་ལུ་ གཱོལ་༨ བཙུགས་ཏེ་ ཕམ་བཏང་པའི་ཤུལ་ བསྡོམས་ཀྱིས་ སྐུགས་༡༠ ཐོབ་སྟེ་ ལིག་སྐོར་ཐེངས་༡ པའི་གོ་རིམ་ནང་ ཨང་༤ པའི་ནང་ ལྷོད་ཡོདཔ་ཨིན་པས།

སྡེ་ཚན་༢ ཀྱི་བར་ན་ སྤྱི་ཟླ་༩ པའི་ཚེས་༡༦ ལུ་ སྤ་རོ་འུ་ཆུའི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ རྩེད་འགྲན་འབད་ཡོདཔ་ད་ ཊཱནསི་པོཊ་ཡུ་ནའེ་ཊེཊ་གིས་ གཱོལ་༨ བཙུགས་ཏེ་ རྒྱལ་ཁ་ཐོབ་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་ཕུད་རྡོག་༡ ཡང་ བཙུགས་མ་ཚུགསཔ་ཨིན།

ཊཱནསི་པོཊ་ཡུ་ནའེ་ཊེཊ་ལས་ ཕྱི་མི་ཨ་ཀཱཤ་ད་ཝི་གིས་ བར་མཚམས་ངལ་གསོ་ལེན་ཞིནམ་ལས་ སྐར་མ་༦༧ དང་༧༠ ༨༡ དེ་ལས་ སྐར་མ་༩༠ ལུ་ གཱོལ་རེ་བཙུགས་མི་གིས་ བསྡོམས་གཱོལ་༤ བཙུགས་ཡོདཔ་ཨིན།

ཨིན་རུང་ བྷུ་ཊཱན་པེ་མི་ཡར་ལིག་འགོ་འདྲེན་འཐབ་མི་གིས་ རྩེད་འགྲན་པ་ བཙན་གྲགས་རྡོ་རྗེ་ལུ་ རྩེད་འགྲན་དྲག་ཤོས་ཀྱི་ གསོལ་རས་དངུལ་ཀྲམ་༢,༠༠༠ བྱིན་ཡོདཔ་ད་ ཁོ་གིས་ བར་མཚམས་ངལ་གསོ་མ་ལེན་པའི་ཧེ་མ་ གཱོལ་༢ བཙུགས་ཡོདཔ་ཨིན་པས།

འདས་པའི་ལོ་ཚུ་ནང་ ཊཱནསི་པོཊ་ཡུ་ནའེ་ཊེཊ་ཨེཕ་སི་གིས་ བྷུ་ཊཱན་པེ་མི་ཡར་ལིག་ཕུཊ༌བཱོལ་འགྲན་བསྡུར་ལས་ དྲག་ཤོས་ཐོན་ནི་དེ་གིས་ ཨེ་ཤི་ཡཱན་ཕུཊ༌བཱོལ་ཚོགས་པའི་རྒྱལ་རྟགས་ཀྱི་དོན་ལུ་ བཅའ་མར་གཏོགས་ནིའི་ གོ་སྐབས་ལེན་ཡོདཔ་ཨིན་པས།

དེ་འབདཝ་ད་ དུས་ཅི་ རྩེད་འགྲན་འགོ་བཙུགས་ཏེ་ སྡེ་ཚན་གྱིས་ བྱང་ཕྱད་སྡེ་ཚན་༦ དང་རྩེད་འགྲན་མཇུག་བསྡུཝ་ད་ སྡེ་ཚན་༣ ལས་རྒྱལ་ཁ་ཐོབ་ཡོད་རུང་ སྡེ་ཚན་༢ ལས་ཕམ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཊཱནསི་པོཊ་ཡུ་ནའེ་ཊེཊ་གིས་ ཕམ་མི་ སྤ་རོ་རིན་སྤུངས་སྡེ་ཚན་ལུ་ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ སྤྱི་ཟླ་༩ པའི་ཚེས་༡ ལུ་ ཐིམ་ཕུག་སི་ཊི་དང་ དོ་འགྲན་འབད་བའི་སྐབས་ སྤ་རོ་རིན་སྤུངས་ཀྱི་ རྩེད་འགྲན་པ་༢ དང་ འཛིན་སྐྱོང་པ་གིས་ ཕུཊ་བཱོལ་རྩེད་འགྲན་འབད་ནིའི་ སྒྲིག་གཞི་དང་ ལམ་ལུགས་ལས་བརྒལ་མི་ལུ་བརྟེན་ ཉེས་བྱ་དང་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།

དེ་ཡང་ རྩེད་འགྲན་པ་༢ ལུ་ ཉེས་འཐུས་དངུལ་ཀྲམ་༡༥,༠༠༠ རེ་ བཏབ་དགོཔ་མ་ཚད་ རྩེད་འགྲན་ལེན་ཐེངས་༤ རེ་ རྩེད་འགྲན་འབད་མ་ཆོགཔ་སྦེ་ ཉེས་ཁྲིམས་བཀལ་བའི་ཁར་ འཛིན་སྐྱོང་པ་ལུ་ ཉེས་འཐུས་དངུལ་ཀྲམ་༡༠,༠༠༠ དང་ རྩེད་འགྲན་ལེན་ཐེངས་༢ འགོ་འདྲེན་འཐབ་མ་ཆོགཔ་སྦེ་ བཀག་ཡོདཔ་ཨིན་པས།

ད་ལྟོ་ཚུན་ སྤ་རོ་རིན་སྤུངས་ཀྱིས་ བྱང་ཕྱད་སྡེ་ཚན་༤ དང་ དོ་འགྲན་འབད་བའི་སྐབས་ ཚར་༡ ཡང་ རྒྱལ་ཁ་འཐོབ་མ་ཚུགས་དོ་བཟུམ་སྦེ་ ཊ་ཀིན་སྡེ་ཚན་གྱིས་ རྩེད་འགྲན་༥ མཇུག་བསྡུཝ་ད་ རྒྱལ་ཁ་ཐོབ་མ་ཚུགས་པར་འདུག།

ལིག་སྐོར་ཐེངས་༡ པ་མཇུག་བསྡུ་ནི་ལུ་ སྡེ་ཚན་རེ་གིས་ བྱང་ཕྱད་སྡེ་ཚན་༩ དང་གཅིག་ཁར་ དོ་འགྲན་འབད་དགོཔ་ད་ ཐིམ་ཕུག་སི་ཊི་གིས་ བྱང་ཕྱད་སྡེ་ཚན་༦ དང་ རྩེད་འགྲན་མཇུག་བསྡུ་ཡོདཔ་བཞིན་དུ་ སྐུགས་༡༦ ཐོབ་སྟེ་ གོ་རིམ་ཨང་དང་པའི་ནང་ ལྷོད་དེ་འདུག།

དེ་གི་ཤུལ་ལས་ རྩེད་འགྲན་ཁག་༥ མཇུག་བསྡུ་མི་འབྲུག་ལྷ་ཡུལ་གྱིས་ སྐུགས་༡༢ ཐོབ་སྟེ་ གོ་རིམ་ཨང་༢ པའི་ནང་ལྷོད་ཡོདཔ་ད་ གོ་རིམ་ཨང་༣ པ་དེ་ སྤ་རོ་ཨེཕ་སི་གིས་ རྩེད་འགྲན་ཁག་༤ མཇུག་བསྡུ་སྟེ་ སྐུགས་༡༠ ཐོབ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༢༢ ཀྱི་ བྷུ་ཊཱན་པེ་མི་ཡར་ལིག་ཕུཊ༌བཱོལ་རྒྱལ་རྟགས་ཀྱི་དོན་ལུ་ སྡེ་ཚན་༡༠ གྱིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *