སྣུམ་འཁོར་བཅོ་ཁང་ཚུ་གི་ ཉེ་འདབས་ལུ་བཞག་མི་ སྣུམ་འཁོར་ཊཱག་ཚུ།

ཊཱག་བཏང་མི་ཚུ་ལུ་ སྣུམ་འཁོར་བཞག་སའི་མེད་པའི་ དཀའ་ངལ་བྱུང་སྟེ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ སྣུམ་འཁོར་ཊཱག་ཚུ་བཞག་སའི་ ས་ཁོངས་ནང་ གདུང་བསམ་ཆུ་གུ་ལས་ ཟམ་རྐྱབ་མི་ ལས་མི་ཚུ་གིས་ སྡོད་སྒར་རྐྱབ་ཡོད་མི་ལུ་བརྟེན་ ཊཱག་བཞག་སའི་ ས་ཁོངས་མེད་པའི་ དཀའ་ངལ་ཐོན་ཏེ་ ལོ་༡ དེ་ཅིག་ ལང་ཡོདཔ་ཨིན་པས།

སྐྱེས་ལོ་༣༡ ལང་མི་ ཊཱག་དེད་གཡོགཔ་ ཐུགས་རྟེན་བཀྲིས་ཀྱིས་ སླབ་མིའི་ནང་ ཁོ་ར་ བཟའ་ཚང་ཚུ་དང་གཅིག་ཁར་ གནས་སྐོར་འགྱོ་ནིའི་དོན་ལས་ དུས་ཡུན་ཆུ་ཚོད་༣ དེ་ཅིག་གི་རིང་ ཊཱག་བཞག་ནིའི་ ས་གོ་འཚོལ་རུང་ ཐོབ་མ་ཚུགསཔ་ལས་ མཐའན་མཇུག་ལུ་ སྒེར་གྱི་ ས་ཁོངས་ཅིག་ནང་ བཞག་འཐུས་དངུལ་ཀྲམ་༣,༠༠༠ སྤྲོད་དགོཔ་ཐོན་ཡི་ཟེར་ཨིན་པས།
བང་ཊར་ལས་ སྐྱེས་ལོ་༢༡ ལང་མི་ འཕྲིན་ལས་དཔལ་འབྱོར་གྱིས་ སླབ་མིའི་ནང་ བསམ་ལྗོངས་ཁྲོམ་ཁར་ ཊཱག་གི་གྱངས་ཁ་ ཡར་འཕར་འགྱོ་དོ་ཡོད་མི་དེ་གིས་ཡང་ ས་གོའི་དཀའ་ངལ་བྱུང་མི་ལུ་བརྟེན་ ཁོང་གི་ཊཱག་ཚུ་ འཁོར་ལམ་གྱི་ ཟུར་ཁར་ལས་ཕར་ ཉེན་སྲུང་མེད་རུང་ བྱ་ཐབས་མེད་པར་ བཞགདགོཔ་བྱུངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་ར་ བང་ཊར་དང་ བསམ་གྲུབ་ལྗོངས་མཁར་གྱི་བར་ན་ དོ་སྐྱེལ་འདྲེན་འབད་དོ་ཡོདཔ་ལས་ ཁྲོམ་དེ་ནང་ ཉེན་སྲུང་ལྡན་པའི་ སྣུམ་འཁོར་བཞག་ས་མེད་མི་ལུ་བརྟེན་ སྣུམ་འཁོར་སྟོངམ་སྦེ་ ལོག་འགྱོ་དགོཔ་ ཐོནམ་མས་ཟེར་ཨིན་པས།
དེད་གཡོགཔ་ཚུ་གིས་ སླབ་མིའི་ནང་ ཊཱག་ཚུ་ འཁོར་ལམ་བདའ་སྟེ་ བཞག་མི་དེ་གིས་ སྣུམ་འཁོར་རྒྱུན་འགྲུལ་ལུ་ གནོདཔ་མས་ཟེར་ཨིནམ་ད་ ཧེ་མར་ མདའ་རྩེད་ཐང་སྦེ་ ལག་ལེན་འཐབ་མི་ ཐང་དེ་ནང་ ཊཱག་བཞག་བཅུག་ཡོདཔ་ཨིན་རུང་ ཤུལ་ལས་ འབྲུག་ཨོ་ལིམ་པིག་ཚོགས་སྡེ་གིས་ རྩྭ་གདན་འཐིང་ནིའི་དོན་ལུ་ ཐང་སྙོམས་ནིའི་ལཱ་ཚུ་ འགོ་བཙུགསཔ་ད་ དེ་ནང་ཡང་ བཞག་མ་བཅུག་ཟེར་ བཤདཔ་ཨིན་པས།
ད་རེས་ནངས་པར་ ཊཱག་མང་ཤོས་ར་ སྣུམ་འཁོར་བཅོ་ཁང་ཚུ་གི་ ཉེ་འདབས་ལས་ཕར་ཡོད་མི་ ས་ཁོངས་ཚུ་ནང་ བཞག་དོ་ཡོདཔ་ད་ ད་ལྟོ་ བཅོ་ཁང་གི་ ཇོ་བདག་ཚུ་ལས་ ཉོགས་བཤད་ག་ནི་ཡང་མེད་རུང་ མ་འོངས་པར་ ཊཱག་ཚུ་བཞག་མི་དེ་གིས་ ཁོང་གི་ ཚོང་མགྲོན་པ་ཚུ་ལུ་ ས་ཁོངས་ཀྱི་ དཀའ་ངལ་ཐོནམ་མས་ཟེར་སླབ་སྟེ་ བཞག་མི་བཅུག་ནིའི་ ཉེན་ཁ་འདུག་ཟེར་ ཊཱག་གི་ དེད་གཡོགཔ་ཚུ་གིས་ བཤདཔ་ཨིན་པས།
ཁྲོམ་སྡེའི་འཆར་གཞི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁྲོམ་སྡེ་འཛིན་སྐྱོང་གིས་ གནས་སྐབས་ཅིག་གི་དོན་ལུ་ སྣུམ་འཁོར་ཊཱག་ཚུ་ གཞུང་ལམ་བདའ་སྟེ་ཡོད་མི་ ས་གོ་ཚུ་ནང་ བཞག་ཆོག་པའི་ བཀོད་རྒྱ་བྱིན་ཏེ་ཡོདཔ་བཞིན་དུ་ དཀའ་ངལ་དེ་ སེལ་ཚུགས་པའི་ རེ་བ་ཡོད་མི་དེ་ཡང་ ས་ཁོངས་གསརཔ་ཅིག་ ངོས་འཛིན་འབད་ཡོད་མི་དེ་ཡང་ འཕྲལ་མགྱོགས་ར་ ལཱ་འགོ་བཙུགས་འོང་ཟེར་ཨིན་པས།
འཆར་གཞི་དང་འཁྲིལཝ་ད་ ས་ཁོངས་གསརཔ་ནང་ ཊཱག་༢༥ དེ་ཅིག་ཤོང་ཚུགས་ནི་དང་ ཉེ་འདབས་ལུ་ ཊཱག་༣༥ དེ་ཅིག་ཤོང་པའི་ ས་གོ་ཡང་ རྒྱ་བསྐྱེད་འབད་ནི་གི་ འོས་འབབ་ཡང་ཡོདཔ་ད་ ཧེ་མའི་ ས་ཁོངས་ནང་ ཊཱག་༣༥ དང་༤༠ དེ་ཅིག་ཤོང་པའི་ ས་གོ་ཡོད་རུང་ ཟམ་བཟོ་སྐྲུན་ལུ་བརྟེན་ ས་གོ་ཆུང་ཀུ་འགྱོ་འོང་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྐྱེལ་འདྲེན་བཱསི་བཞག་ས་དང་ ཁྲོམ་ཁ་ཐུག་གི་ ལམ་རྒྱ་གྲམ་ཁར་ཡོད་མི་ཐང་ནང་ ཊཱག་བཞག་མ་ཆོགཔ་ བཟོ་མི་དེ་ ཟམ་བཟོ་སྐྲུན་འབད་ཚར་བའི་ཤུལ་ལུ་ ཟམ་གྱི་མཐོ་ཚད་དང་འཁྲིལ་ སྒོར་ལམ་བཟོ་ཐབས་ལུ་ཨིན་པས།
ཁྲོམ་སྡེའི་བཟོ་རིག་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མ་དངུལ་གྱི་དོན་ལུ་ དངུལ་རྩིས་ལྷན་ཁག་ནང་ གྲོས་འཆར་བཙུགས་ཏེ་ཡོད་ཟེར་ཨིན་པའི་གནས་ཚུལ།

བསམ་ལྗོངས་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *