ཐིམ་ཕུག་ཁྲོམ།

ཉོ་སྤྱོད་ཉེན་སྲུང་བཅའ་ཁྲིམས་ བསྟར་སྤྱོད་སྒྲིང་སྒྲི་འབད་ནི།

༉ རྒྱལ་ཁབ་ནང་ འགྲུལ་སྐྱོད་བཀག་དམ་ཐེངས་༢ པའི་ནང་ ཐིམ་ཁྲོམ་དང་ རྫོང་ཁག་ཁྲོམ་ཚུ་ནང་གི་ ཚོང་པ་ཚུ་གིས་ ཚོད་བསྲེ་དང་ སྐྱ་ནམ་གྱི་ གོང་ཚད་ཚུ་ ཚད་གཞི་ལས་ ལོག་ལྟབ་གསུམ་ལྟབ་ ཐེབས་བཀོད་མི་ཚུ་ལུ་ ཉོ་སྤྱོད་ཉེན་སྲུང་བཅའ་ཁྲིམས་༢༠༡༢ ཅན་མའི་དགོངས་དོན་ཚུ་ ཚུལ་དང་ལྡནམ་སྦེ་ བསྟར་སྤྱོད་འབད་ནི་ཨིན་པས།

སྤྱི་ཟླ་༡༢ པའི་ཚེས་༢༩ ལུ་ འབྲུག་རྒྱང་བསྒྲགས་ཀྱི་ དངོས་མཐོང་ལས་རིམ་ནང་ བསྟན་རྒྱས་ལྷན་ཁག་ ཉོ་སྤྱོད་ཉེན་སྲུང་ལས་ཁུངས་ཀྱི་ ལས་རིམ་འགོ་དཔོན་ཟླ་བ་ཚེ་རིང་གིས་ སླབ་མིའི་ནང་ སྤྱིར་བཏང་འཛམ་གླིང་ནང་ར་ ནད་ཡམས་ལུ་བརྟེན་ སྐྱ་ནམ་དང་ བཟའ་འཐུང་གི་ གོང་ཚད་དུམ་གྲ་རེ་ ཡར་སེང་སོང་ཡོདཔ་ལས་ མི་མང་གིས་ མཁྱེན་དགོ་ཟེར་ཨིན་པས།

ཐིམ་ཁྲོམ་ནང་ ཚོང་པ་༢༥༠ དང་ མེ་རླུང་རྒྱ་རྫི་བཀྲམ་སྤེལ་འབད་མི་ དེ་ལས་ ཉོ་སྤྱོདཔ་ཚུ་ལུ་ ལས་ཁུངས་ཀྱི་ ཁ་ཐུག་ལས་ རང་སོའི་འགན་ཁུར་འབག་དགོཔ་དང་ ཁྲིམས་ལུགས་སྐོར་ གོ་བརྡ་དང་ ཤེས་ཡོན་ཚུ་ སྤྲོད་ཡོདཔ་མ་ཚད་ ད་རེས་ནད་ཡམས་ཀྱི་ དུས་ཚོད་ལུ་ཡང་ བརྒྱུད་འཕྲིན་ཐོག་ལས་ ཤེས་ཡོན་སྤེལ་བཞིན་དུ་ཡོད་ཟེར་ཨིན་པས།

ལས་རིམ་འགོ་དཔོན་གྱིས་ སླབ་མིའི་ནང་ ནད་ཡམས་མ་ཐོན་པའི་ཧེ་མར་ ཐིམ་ཁྲོམ་ནང་ ཚོད་བསྲེ་དང་ བཟའ་འཐུང་གི་ གོང་ཚད་སྔར་ག་ཨིནམ་སྦེ་ བཙོང་དགོཔ་དང་ ཚོང་ཆས་ག་ཅི་འབག་འགྱོ་རུང་ ཚོང་པ་ཚུ་གིས་ འབྱོར་འཛིན་ སྤྲོད་དགོ་པའི་ཁར་ ལྗིད་ཚད་ལས་འབད་རུང་ གཡོ་སྒྱུ་མེད་པར་ བྱིན་དགོཔ་སྦེ་ གོ་བརྡ་སྤྲོད་ཅི་ཟེར་ཨིན་པས།

འབྲུག་གནས་ཚད་བཀོད་འཛིན་དང་ མཉམ་འབྲེལ་ཐོག་ལས་ ལྗིད་ཚད་ལག་ལེན་འཐབ་མི་ བརྒྱ་འཁོར་སོ་ནམ་ཚོན་ཁྲོམ་དང་ ཐིམ་ཁྲོམ་ནང་ཡོད་མི་ ཚོང་ཁང་ཚུ་ནང་ ཚད་གཞི་དང་འཁྲིལ་ཡོད་མེད་ བརྟག་དཔྱད་འབད་ནིའི་དོན་ལུ་ འཆར་གཞི་བརྩམས་ཡོདཔ་བཞིན་དུ་ ཚོང་ཁང་དག་པ་ཅིག་ནང་ ཞིབ་དཔྱད་འབད་ཡི་ཟེར་ཨིན་པས།

ཉོ་སྤྱོད་ཉེན་སྲུང་བཅའ་ཁྲིམས་༢༠༡༢ ཅན་མ་དང་འཁྲིལ་བ་ཅིན་ ཚོང་པའི་འགན་ཁུར་དེ་ ཚོང་མགྲོན་པ་ཚུ་གིས་ ཚོང་ཁང་ལས་ ཅ་ཆས་ག་ཅི་ཉོ་འབག་འགྱོ་རུང་ འབྱོར་འཛིན་ ཡང་ཅིན་ ཤོག་འཛིན་ནང་ ཐོ་བཀོད་འབད་ཞིནམ་ལས་ སྤྲོད་དགོ་པའི་ཁར་ ཉོ་མི་ཚུ་ལུ་ཡང་ འགན་ཁུར་ཕོག་སྟེ་ཡོད་ཟེར་ཨིན་པས།

དེ་ཡང་ ཉོ་སྤྱོད་པའི་ཉེན་སྲུང་གི་དོན་ལུ་ཨིནམ་ད་ གལ་སྲིད་ ཁེ་རྒུད་མ་བཏུབ་པ་ཅིན་ དེ་འཕྲོ་ལས་ འབྲེལ་ཡོད་ཡིག་ཚང་དང་ འབྲེལ་བ་འཐབ་ནི་དང་ ཉོགས་བཤད་བཀོད་ནིའི་དོན་ལུ་ སྒྲུབ་བྱེད་སྦེ་ འབྱོར་འཛིན་དེ་ ལག་ལེན་འཐབ་དགོཔ་ལས་ ཚོང་པ་ཚུ་ལས་ལེན་དགོཔ་ གལ་ཆེ་ཟེར་ རྫོང་ཁག་༢༠ འི་མི་སེར་ཚུ་ལུ་ཡང་ གོ་བརྡ་སྤེལ་ཡི་ཟེར་ ལས་རིམ་འགོ་དཔོན་གྱིས་ བཤདཔ་ཨིན་པས།

ལས་རིམ་འགོ་དཔོན་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཉོ་བཤད་བཀོད་མི་ཚུ་གི་གྲས་ལས་ དག་པ་ཅིག་གིས་ འབྱོར་འཛིན་ཚུ་ སྒྲུབ་བྱེད་སྦེ་ གསལ་སྟོན་འབད་ནི་ཡོད་རུང་ མང་ཤོས་ཅིག་ལུ་ མི་འོང་དོ་ཡོདཔ་ལས་ ཚོང་པ་ཚུ་གིས་ མ་བྱིནམ་ཨིན་ན་ ཡང་ཅིན་ ཉོ་མི་ཚུ་གིས་ མ་ལེནམ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།

ཉོགས་བཤད་བཀོད་ནིའི་དོན་ལུ་ སྤྱོད་ཁྲལ་ཨང་༡༢༤ ནང་ བརྒྱུད་འཕྲིན་གཏང་དགོ་ཟེར་ཨིན་པས།

ཚོང་པ་ཚུ་གིས་ ཚོད་བསྲེ་དང་ ཅ་ཆས་གུ་བྲིས་མི་ གོང་ཚད་ལས་ ཐེབས་རྐྱབ་སྟེ་ བཙོང་མི་དེ་ དྲང་བདེན་མེད་པའི་ ཚོང་གི་བྱ་བ་ནང་ ཚུད་དོ་ཡོདཔ་ལས་ ཉོ་སྤྱོད་ཉེན་སྲུང་བཅའ་ཁྲིམས་དང་འཁྲིལ་ ཉོ་སྤྱོདཔ་ལུ་ ཏི་རུ་ལོག་སྤྲོད་ནི་དང་ ཚོང་ཁང་སྒོ་བསྡམ་ནི་ དེ་ལས་ ཆོག་ཐམ་ཆ་མེད་གཏང་ནི་སྦེ་ཡོདཔ་བཞིན་དུ་ ཡང་བསྐྱར་དུ་ གོང་ཚད་ཐེབས་བཀོད་མི་ཚུ་ལུ་ ཁྲིམས་ཀྱི་དང་ལེན་འབད་བཞིན་དུ་ཡོད་ཟེར་ ལས་རིམ་འགོ་དཔོན་གྱིས་ བཤད་ཅི།

འགྲུལ་སྐྱོད་བཀག་དམ་ཐེངས་དང་པ་འབད་བའི་ཉིནམ་ལས་ འགྲུལ་སྐྱོད་བཀག་དམ་ཐེངས་༢ པ་ འགོ་མ་བཙུགས་ཚུན་གྱི་བར་ན་ ཉོ་སྤྱོད་ཉེན་སྲུང་ལས་ཁུངས་ཀྱིས་ གོང་ཚད་ཐེབས་རྐྱབ་མི་ ཚོང་པ་ཚུ་ལུ་ ཉེས་བྱ་དངུལ་ཀྲམ་ས་ཡ་༢༠ བཀལ་བའི་ཁར་ དངུལ་ཐེབས་སྤྲོད་མི་ ཉོ་སྤྱོདཔ་ཚུ་ལུ་ དངུལ་ཀྲམ་འབུམ་༦ དེ་ཅིག་ ལོག་སྤྲོད་བཅུག་ཡོདཔ་་ཨིན་པས

ལས་རིམ་འགོ་དཔོན་ཟླ་བ་ཚེ་རིང་གིས་ སླབ་མིའི་ནང་ འགྲུལ་སྐྱོད་བཀག་དམ་༢ པའི་སྐབས་ ཚོང་པ་ཚུ་གིས་ གོང་ཚད་རྐྱབ་དགོ་མི་དང་ མ་འཁྲིལ་བར་ ཐེབས་རྐྱབ་ནི་དང་ ཚད་ལས་བརྒལ་རྐྱབ་མི་ཚུ་ལུ་ དང་པ་ ཚོང་ཁང་སྒོ་བསྡམ་ནི་དང་ གཉིས་པ་ ཡང་བསྐྱར་དུ་ དྲང་བདེན་མེད་པའི་ ཚོང་རྐྱབ་མི་ཚུ་གི་ ཚོང་འབྲེལ་ཆོག་ཐམ་ ཆ་མེད་གཏང་ནི་ཟེར་ཨིན་པས།

ཚོད་བསྲེའི་གོང་ཚད་ཐད་ལུ་ ལས་རིམ་འགོ་དཔོན་གྱིས་ སླབ་མིའི་ནང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ཚོད་བསྲེའི་གོང་ཚད་ཀྱི་ ཚད་གཞི་བཟོ་ཡོདཔ་ལས་ ཚོང་པ་ཚུ་གིས་ ཚད་གཞི་དེ་གུ་ གནས་མ་གནས་ ལྟ་རྟོག་དང་ ཞིབ་དཔྱད་འབད་དོ་ཟེར་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *