ཉེས་ལས་འཐབ་མི་ཚུ་ འཛིན་བཟུང་གི་དོན་ལུ་ མི་མང་ལས་ མཉམ་འབྲེལ་དང་ རྒྱབ་སྐྱོར་དགོ་ནི།

༉ འདས་པའི་ལོ་ངོ་དག་པ་ཅིག་ལས་ རྒྱལ་ཁབ་ནང་ མི་ངན་ལེ་ཤ་ཅིག་གིས་ རྫུས་བཟོ་ཐོག་ལས་ ཉེས་མེད་མི་སེར་ཚུ་ལུ་ མགུ་སྐོར་རྐྱབ་སྟེ་ འཕྲོག་བཅོམ་འབད་བའི་ རྩོད་དོན་ལེ་ཤ་ཐོན་ཡོདཔ་བཞིན་དུ་ རྩོད་དོན་ལ་ལོ་ཅིག་ ཁྲིམས་ཀྱི་འདུན་སར་ ལྷོད་དེ་འདུག།
རྩོད་དོན་ལ་ལོ་ཅིག་ནང་ དོགས་པ་ཅན་ཚུ་ བདའ་ཟུན་མ་ཚུགསཔ་ལས་ རྩོད་བཤེར་འབད་ནི་ལུ་ ཡུན་འགྱངས་ལུས་ཏེ་ཡོདཔ་ད་ དཔེར་ན་ འབྲུག་ཌེསི་ཊེ་ནི་ཟེར་མི་ ཚོང་སྡེའི་ཇོ་བདག་གིས་ ཐིམ་ཕུག་དང་ པདྨ་དགའ་ཚལ་ མོང་སྒར་ སྤ་རོ་ སྤུ་ན་ཁ་རྫོང་ཁག་༥ ནང་ ཚོད་བསྲེ་འཛུགས་སྐྱོང་འབད་མི་ སོ་ནམ་པ་༡,༣༥༠ ལྷགཔ་ཅིག་ལུ་ མགུ་སྐོར་རྐྱབ་སྟེ་ ཚོད་བསྲེ་བཀྲམ་སྤེལ་བའི་ ཐོ་བཀོད་ཀྱི་འཐུས་ དངུལ་ཀྲམ་༧༠༠,༠༠༠ ལྷགཔ་ཅིག་ བསྡུ་ལེན་འབད་ཡོདཔ་མ་ཚད་ ཚོད་བསྲེའི་རིན་ དངུལ་ཀྲམ་འབུམ་༥ དེ་ཅིག་ མ་སྤྲོད་པར་ཡོད་མི་ལུ་བརྟེན་ ཉམས་རྒུདཔ་ཚུ་གིས་ ཁྲིམས་འདུན་ལུ་ རྩོད་གཞི་བཙུགས་ནུག།
འདི་འབདཝ་ད་ མགུ་སྐོར་རྐྱབ་མི་ ཕོ་སྐྱེས་དེ་ གར་སོང་མེད་པར་ བྲོས་ཟུར་འབད་མི་ལུ་བརྟེན་ རྩོད་གཞི་ཚུ་ པདྨ་དགའ་ཚལ་དང་ ཐིམ་ཕུག་རྫོང་ཁག་༢ ནང་ བསྣར་འགྱངས་སྦེ་ ལུས་ཏེ་འདུག།
མ་གཞི་ རྫོང་ཁག་དེ་གཉིས་ཀྱིས་ ཚོང་སྡེའི་ཇོ་བདག་དེ་ འཛིན་བཟུང་གི་དོན་ལུ་ ཁྲིམས་སྲུང་འགག་སྡེ་ལུ་ འཛིན་བཟུང་བཀའ་འཕྲིན་གནང་སྟེ་ཡོད་རུང་ དོགས་ཅན་དེ་ ད་ལྟོ་ འཛིན་བཟུང་འབད་མ་ཚུགས་པར་ འཚོལ་ཞིབ་འབད་བའི་བསྒང་ཡོདཔ་ཨིན་མས།
ད་རུང་ པདྨ་དགའ་ཚལ་དང་ དགེ་ལེགས་ཕུག་ལུ་ཡོད་མི་ འབྲུག་གོང་འཕེལ་དངུལ་ཁང་གི་ ཡན་ལག་དངུལ་ཁང་༢ ནང་ ལས་གཡོགཔ་ཅིག་གིས་ གྲོང་གསེབ་སྐྱིན་འགྲུལ་ལས་འཆར་ལས་ དངུལ་ཀྲམ་ས་ཡ་༡༡.༧༦༤ ལྐོག་ཟ་འབད་མི་དེ་ནང་ ཆ་རོགས་འབད་མི་ ཚོང་པ་ཅིག་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་པའི་ ནམ་དུས་ལུ་ གར་སོང་མེད་པར་ བྱོག་ཡར་སོཔ་ལས་ དྲི་དཔྱད་འབད་མ་ཚུགས་པས།
དོགས་པ་ཅན་དེ་ཡང་ འཛིན་བཟུང་གི་ ནག་ཐོའི་ནང་ཡོད་རུང་ ཁྲིམས་སྲུང་འགག་པ་གིས་ བདའ་ཟུན་མ་ཚུགས་མི་དེ་ འཛིན་བཟུང་གི་ བཀའ་འཕྲིན་ཐོབ་ཞིནམ་ལས་ རྗེས་དཔྱད་མ་འབད་བར་ བཞག་ཡོདཔ་ཨིན་ན་ ཡང་ཅིན་ བརྩོན་ཤུགས་ག་དེ་སྦེ་ར་བསྐྱེད་རུང་ མི་མང་ལས་ རྒྱབ་སྐྱོར་དང་ མཉམ་འབྲེལ་མེད་པར་ མཐར་འཁྱོལ་མ་ཚུགསཔ་ཨིན་ན་ སླབ་མ་ཚུགས་པར་ ལཱ་ཁག་འོང་ནི་ཨིན་མས།
དེ་བཟུམ་མའི་ བྲོས་ཟུར་འབད་མི་ ལེ་ཤ་ཡོད་པའི་ཁར་ ཁྲིམས་སྲུང་འགག་སྡེའི་ ཡོངས་འབྲེལ་འཆར་སྒོ་ནང་ བལྟ་བ་ཅིན་ དབང་བཙོང་འདོད་སྤྱོད་དང་ ཨར་རྐུན་ལ་སོགས་པའི་ ཉེས་ལས་ཚུ་ནང་ འབྲེལ་གཏོགས་འབད་མི་ དོགས་ཅན་༡༧ འཛིན་བཟུང་གི་དོན་ལུ་ ཁོང་རའི་ངོ་པར་དང་སྦྲགས་ བཙུགས་བཞག་ནུག།
དེ་གིས་མ་དོ་བར་ འབྲེལ་ཡོད་དབང་འཛིན་ཚུ་གིས་ དོགས་པ་ཅན་ཚུ་ མི་ག་གིས་ར་ མཐོང་སྟེ་འབད་རུང་ དེ་འཕྲོ་ལས་ ཉེ་འདབས་ཀྱི་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ལུ་ སྙན་ཞུ་འབད་དགོཔ་སྦེ་ བརྡ་བརྒྱུད་ནང་ གསལ་བསྒྲགས་འབད་ནི་འདུག།
གལ་སྲིད་ མི་ཚུ་གིས་ འཛིན་བཟུང་གི་ ནག་ཐོའི་ནང་ཚུད་མི་ཚུ་མཐོང་རུང་ སྙན་ཞུ་འབད་བར་ གནསཔ་བརྙ་བར་བྱིན་ནི་དང་ བཞེས་སྒོ་ལ་སོགས་པ་བྱིན་ཏེ་ ཆ་རོགས་འབད་བ་ཅིན་ ཉེས་ལས་ལུ་ སྡོང་ཟླ་དང་ ཆ་རོགས་འབད་བའི་ ཉེས་ཁྲིམས་ཕོག་ཟེར་ བརྡ་དོན་ཚུ་ཡང་ སྤྲོདཔ་ཨིན་མས།
གོང་ལུ་གསལ་བཀོད་འབད་དོ་བཟུམ་ རྒྱལ་ཁབ་ནང་ ཉེས་ལས་བཀག་ནི་དང་ བྱ་ངན་འཐབ་མི་ཚུ་ལུ་ ཁྲིམས་ཀྱི་གདོང་ལེན་ དམ་སྒྲིང་འབད་ཐབས་ལུ་ བྲོས་ཟུར་འབད་མི་དང་ ནག་ཐོའི་ནང་ཚུད་མི་ཚུ་ འཛིན་བཟུང་འབད་ནི་གི་ འགན་ཁུར་དེ་ ཁྲིམས་སྲུང་འགག་པ་རྐྱངམ་གཅིག་ལུ་ བཀལ་མ་བཞག་པར་ སྤྱིར་བཏང་མི་མང་གི་ ཁ་ཐུག་ལས་ཡང་ དོགས་ཅན་དེ་ཚུ་གི་སྐོར་ལས་ གསང་བའི་སྙན་ཞུ་འབད་དེ་ མཉམ་འབྲེལ་དང་ རྒྱབ་སྐྱོར་གང་དྲག་འབད་ནི་དེ་ཡང་གལ་ཆེ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *