ཉེས་ལས་འཐབ་མི་ཚུ་ལུ་ བཟོད་བསྲན་མེད་པའི་ ཁྲིམས་ཀྱི་དང་ལེན།

༉ ངན་ལྷད་དང་ གཡོ་སྒྱུ་ལག་ལེན་ཚུ་ བརྡ་བརྒྱུད་ནང་ ཚར་རེ་ཐོནམ་ད་ ང་བཅས་རའི་ སྤྱི་གཡོགཔ་དང་ ཞི་གཡོགཔ་ཚུ་གི་ ཀུན་སྤྱོད་རྣམ་གཞག་དང་ དྲང་སྤྱོད་ཚུ་ལུ་ དྲི་བ་བཀོདཔ་ཨིན་མས།
དེ་སྦེ་ དྲི་བ་བཀོད་མི་དེ་ཡང་ སྤྱི་གཡོགཔ་ཚུ་གིས་ ན་གཞོན་དང་ མཉམ་རོགས་གཞན་ཚུ་ལུ་ དཔེ་བཟང་པོ་སྟོན་ནི་གི་ འགན་ཁུར་ཡོད་མི་ལུ་བརྟེན་ཨིན་མས།
དྲི་བ་གཞན་དེ་ ང་བཅས་ཀྱིས་ ངན་ལྷད་ལག་ལེན་ཚུ་ ནམ་བཀག་ཚུགས་ནི་ཨིན་ན་ཟེར་ བཀོད་མི་དེ་ཡང་ ད་རེས་ནངས་པར་ ལས་སྡེ་ཁག་སོ་སོའི་ནང་ མ་དངུལ་ལྐོག་ཟ་དང་ ནང་གསུག་སྤྲོད་ལེན་ལ་སོགས་པའི་ རྩོད་དོན་མངམ་ ཐོན་ནི་དེ་གིས་ཨིན་མས།
འཕྲལ་ཁམས་ཀྱི་ གནས་ཚུལ་དང་འཁྲིལ་བ་ཅིན་ མི་གྲངས་༩༡ ཅིག་གིས་ སྣུམ་འཁོར་གཏང་ནིའི་ ཆོག་ཐམ་དང་འབྲེལ་བའི་ གཡོ་སྒྱུ་ལག་ལེན་ཚུ་ནང་ གྲལ་གཏོགས་འབད་ཡོད་པའི་ ཞིབ་དཔྱད་སྙན་ཞུ་ལུ་ བལྟ་བ་ཅིན་ ངན་ལྷད་དེ་ ལམ་ལུགས་ནང་ལས་ རྩ་མེད་བཟོ་ནི་ལུ་ ལཱ་ཁག་ཅིག་ འོང་ནི་ཨིན་མས།
མ་གཞི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངན་ལྷད་བཀག་སྡོམ་འབད་ནི་ལུ་ སྤྱི་རུབ་ཀྱི་ འགན་ཁུར་ཨིནམ་མ་ཚད་ ངན་ལྷད་འཐབ་མི་ཚུ་ལུ་ ཡངས་ཆག་མེད་པའི་ ཉེས་ཁྲིམས་བཀལ་དགོ་པའི་ གྲོས་འདེབས་ཚུ་ བཀོདཔ་ཨིན་རུང་ ངན་ལྷད་ཀྱི་ གནད་དོན་ཚུ་ འཕྲོ་མཐུད་དེ་ར་ ཐོནམ་ཨིན་མས།
ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ ལས་བྱེདཔ་དང་ ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་བརྡ་སྟོན་གྱི་ མི་དག་པ་ཅིག་ ངན་ལྷད་ལག་ལེན་ནང་ འབྲེལ་གཏོགས་འབད་མི་དེ་ ད་རེས་འགོ་དང་པ་མེནམ་ལས་ ཚ་གྱང་ལང་དགོཔ་ཅིག་འདུག།
སྣུམ་འཁོར་གཏང་ནི་གི་ ཆོག་ཐམ་ཚུ་ ཚུལ་མིན་གྱི་སྒོ་ལས་སྤྲོད་པའི་ གནད་དོན་མ་ཐོན་པའི་ཧེ་མར་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ སྣུམ་འཁོར་ཐོ་བཀོད་ཀི་དེབ་ཚུ་ གཡོ་བཅོས་དང་ སྣུམ་འཁོར་མཁོ་སྒྲུབ་འབད་མི་ལས་ལྷག་སྟེ་ ཐོ་བཀོད་ཀི་དེབ་ཚུ་ སྤྲོད་ཡོདཔ་མ་ཚད་ ལམ་ལུགས་ཚུ་ ཚུལ་ལྡན་མེད་མི་ལུ་བརྟེན་ གཞུང་གི་འོང་འབབ་ལུ་ གྱོང་རྒུད་ཕོག་ནུག་ཟེར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་སྙན་ཞུ་ནང་བཀོད་ནུག།
ད་རེས་ནངས་པར་ དམ་འཛིན་མེད་པར་ སྣུམ་འཁོར་ནང་འདྲེན་འབད་མི་ལུ་བརྟེན་ རྒྱུན་འགྲུལ་བཀག་ཐོགས་ཀྱི་ གདོང་ལེན་དང་ ཐུག་རྐྱེན་དང་ ཤི་རྐྱེན་རྒྱུན་ཆད་མེད་པར་བྱུང་པའི་ ནམ་དུས་ལུ་ ཉེན་སྲུང་ལུ་ གཙོ་བོར་བཏོན་དགོ་པའི་ འགན་འཁྲི་ཕོག་མི་ འགོ་དཔོན་ཚུ་གིས་ རང་སོའི་འགན་འཁྲི་ནང་ འཐུས་ཤོར་བྱུང་མི་དེ་ ཉེས་འགེལ་ཨིནམ་ལས་ ངེས་པར་དུ་ ཁྲིམས་བཀལ་དགོ།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལ་བ་ཅིན་ ཁྲིམས་སྲུང་འགག་པ་༣ དང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ལས་བྱེདཔ་༧ གྱིས་ སྤྱིར་བཏང་སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་དང་ སྣུམ་འཁོར་གཏང་ཆོག་པའི་ ཁྱད་རིག་ལག་ཁྱེར་ཚུ་ ལམ་ལུགས་དང་མ་འཁྲིལ་བར་ སྤྲོད་པའི་ཁར་ སྣུམ་འཁོར་གྱི་ བདག་དབང་ཚུ་ཡང་ ལམ་ལུགས་དང་མ་འཁྲིལ་བར་ སྤོ་སོར་དང་ གནས་ཚད་སེང་སྟེ་ བཟོ་བྱིན་ནུག་ཟེར་བཀོད་ནུག།
ད་རུང་ སྤྱི་ལོ་༢༠༡༨ ཟླ་༦ པའི་ཚེས་༡ ལུ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་གཉིས་ཀྱིས་ ཨམ་སྲུ་ཅིག་ སྣུམ་འཁོར་གཏང་ནིའི་ ཆོག་ཐམ་དོན་ལུ་ ཆོས་རྒྱུགས་ནང་ གྲལ་གཏོགས་མ་འབད་རུང་ མིང་རྟགས་བཀོད་དེ་ སྤྱིར་བཏང་སྣུམ་འཁོར་བཏང་ཆོག་པའི་ ཆོག་ཐམ་སྤྲོད་ཡོདཔ་མ་ཚད་ སྒེར་མི་ཅིག་ལུ་ ཁོ་ར་དང་ གཞན་གྱི་དོན་ལུ་ རྒྱལ་ཡོངས་གནས་ཚད་༢ པའི་ ལག་ཁྱེར་༣༦ རྫུས་བཟོའི་ ཉེས་འཛུགས་བཀལ་དགོཔ་སྦེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ གྲོས་འདེབས་བཀོད་ནུག།
གོང་ལུ་གསལ་བཀོད་འབད་དོ་བཟུམ་ འབྲུག་ལུ་ ངན་ལྷད་བཀག་འཛིན་འབད་དགོ་པ་ཅིན་ འབྲེལ་ལས་སྡེ་ཚུ་གི་ དབུ་ཁྲིད་དང་ འགོ་ཁྲིདཔ་ཚུ་ལས་ དྲང་སྤྱོད་ཀྱི་ མིག་དཔེ་བཏོན་དགོཔ་མ་ཚད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་རུང་ ཉ་ཆེན་དང་ ཉ་ཆུང་གི་ དབྱེ་བ་མ་ཕྱེ་བར་ ངན་ལྷད་འཐབ་མི་ཚུ་ལུ་ གདོང་ལེན་སྒྲིང་སྒྲི་འབད་དགོཔ་བཞིན་དུ་ ཁྲིམས་སྡེའི་ཁ་ཐུག་ལས་འབད་རུང་ ཁྲིམས་ལུགས་དང་འཁྲིལ་ ཉེས་ཁྲིམས་སྨིན་གནང་དགོ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *