ཉེས་ལས་ནང་འབྲེལ་གཏོགས་ཅན་ འཛིན་བཟུང་།

༉ གནམ་ལོ་མེ་མོ་བྱ་ལོ་ནང་ དམར་བསད་དང་ དང་བླངས་མེན་པའི་ རྟོགས་མེད་གདོང་ཐུག་གི་ གནད་དོན་དེ་ ལོ་འགོ་བཙུགསཔ་ཅིག་ར་ བྱུང་ཡི།
ཁྲིམས་སྲུང་འགག་སྡེ་གིས་ དམར་བསད་དང་ དང་བླངས་མེད་པའི་ རྟོགས་མེད་གདོང་ཐུག་འབད་བའི་ཉེས་འཛུགས་ནང་ སྐྱེས་ལོ་༡༦ ལང་མི་ སློབ་ཕྲུག་གཅིག་བརྩིསཝ་ད་ མི་༡༨ འཛིན་བཟུང་འབད་ཡི།
དེ་བཟུམ་སྦེ་ བུམ་ཐང་གི་ ཁྲིམས་སྲུང་འགག་པ་གིས་ ན་ཧིང་ སྤྱི་ཟླ་༥ པའི་ནང་ གླང་གཅིག་དམར་བསད་འབད་བའི་ཉེས་འཛུགས་བཀལ་ཐོག་ལས་ ཕོ་སྐྱེས་༥ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་བཙུགས་ཡི།
དེ་ལས་ ན་ཧིང་སྤྱི་ཟླ་༤ པའི་ཚེས་༢༨ གི་ཚེ་ ཐིམ་ཕུག་བར་སྦིས་ས་ གཏེར་མ་གླིང་ཀ་ཟ་ཁང་གི་རྒྱབ་ལས་ ཝང་ཆུ་ནང་ ཨ་ལོ་གི་ ཕུངམ་ཅིག་ཐོབ་ཡོད་མི་དེ་ ཁོ་རའི་ཨང་རྒས་ སྐྱེས་ལོ་༥༦ ལང་མི་དེ་གིས་ དམར་བསད་འབད་ཡོདཔ་བཞིན་དུ་ འཛིན་བཟུང་འབད་བའི་སྐབས་ མི་སེར་མང་ཤོས་ཅིག་ ཧ་ལས་དགོཔ་བྱུང་ཡོདཔ་པ་ ཉེས་འཛུགས་ཅན་ཨང་རྒས་དེ་ལུ་ དང་བླངས་མེན་པའི་ རྟོགས་མེད་གདོང་ཐུག་གི་ ཉེས་འཛུགས་བཀལ་ཡོདཔ་ཨིན།
ཨང་རྒས་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་ཕུལ་ཡོད་མི་དང་འཁྲིལཝ་ད་ ཨང་རྒས་མོ་རང་དང་ ཚབོ་གཉིས་ཆ་རང་ རང་སྲོག་རང་གིས་བཅད་ནི་སྦེ་ ཆུ་ནང་མཆོངས་ཡོདཔ་ཨིན་རུང་ ཐིམ་ཕུག་གཏེར་མ་གླིང་ཀ་གི་ ཉེ་འདབས་ལུ་ལྷོདཔ་ད་ དེ་ནང་ལས་ལས་བྱེདཔ་ཚུ་གིས་ མི་མཐོང་སྟེ་ སྲོག་སྐྱབས་འབད་ཡོད་རུང་ མོ་གི་ ཚབོ་དེ་ ཆུ་ནང་འཐིམས་ཏེ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ན་ཧིང་ ཐིམ་ཕུག་ལུ་སྦེ་ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ སྐྱེས་ལོ་༢༧ ལང་མི་ ཨམ་སྲུ་ཅིག་ མོ་རའི་རྨགཔ་གིས་ གཟུགས་ཁར་ ས་མར་ཁུ་བླུགས་ཐོག་ལས་ མེ་པག་པའི་ཤུལ་ལུ་ ཐིམ་ཕུག་སྨན་ཁང་ནང་ལྷོདཔ་ད་ ཤི་རྐྱེན་བྱུང་ཡོདཔ་ཨིན།
ཨམ་སྲུ་ ཤི་རྐྱེན་བྱུང་སྟེ་ ཟླཝ་༡ དེ་ཅིག་གི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐྱེས་ལོ་༣༥ ལང་མི་ ཕོ་སྐྱེས་དེ་གིས་ ཁོ་རའི་ཨམ་སྲུ་ དམར་བསད་འབད་ཡོད་པའི་ཉེས་འཛུགས་འབད་ཡི།
གནམ་ལོ་མེ་མོ་བྱ་ལོ་དེ་ནང་ བྱིས་པ་སྐྱེས་ལོ་༡༨ མན་ཆད་འབད་མི་ལུ་ དབང་བཙོང་ལུས་འབྲེལ་འབད་ནིའི་གནད་དོན་ཁག་༨ དེ་ཅིག་ཐོན་ཡོདཔ་ད་ དེ་ནང་ལས་ སློབ་ཕྲུག་བུམོ་སྐྱེས་ལོ་༡༢ ལས་༡༤ འི་བར་ན་འབད་མི་ ན་ཆུང་༥ ལུ་ ཁོང་རའི་སློབ་དཔོན་གྱིས་ དཔའ་བཅམ་པའི་ཉེས་འཛུགས་ཕོག་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐྱེས་ལོ་༣༡ ལང་མི་ སློབ་དཔོན་དེ་གིས་ སྐྱེས་ལོ་༡༢ ཡན་ཆད་འབད་མི་ ལུ་ དབང་བཙོང་ལུས་འབྲེལ་འབད་ནིའི་ དཔའ་བཅམ་ཡོད་མི་དང་ གྲབས་གཤོམ་འབད་ཡོད་པའི་ ཉེས་འཛུགས་བཀལ་ཡོདཔ་ཨིན།
རྒྱལ་ཁབ་ནང་ ཨ་ལོ་གི་དྲང་ཁྲིམས་རྒྱ་སྐྱེད་ལས་འགུལ་གྱི་དོན་ལུ་ ཐིམ་ཕུག་ཁྲིམས་སྲུང་ཡིག་ཚང་ལྟེ་བའི་སྦོ་ལོགས་ཁ་ ཨ་ལོའི་ལྟེ་བ་ཅིག་ཡང་ འགོ་བཙུགས་ཡོདཔ་ཨིན།
ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ སྨྱོ་རྫས་ལོག་སྤྱོད་དང་ ནག་ཚོང་འཐབ་ཡོད་མི་ གནད་དོན་ཁག་༢༨༧ ནང་ འབྲེལ་བ་ཡོད་མི་ མི་༥༩༦ འཛིན་བཟུང་འབད་མི་དེ་ གནམ་ལོ་མེ་མོ་བྱ་ལོ་དེ་ནང་ མཐོ་ཤོས་ཅིག་ཨིན་པས།
སྨྱོ་རྫས་ཚུ་གི་གྲས་ལས་ ཨིས་པེས་མོ་པོ་སི་བཱན་དེ་ འདས་པའི་ལོ་ནང་ སྨན་ལེབ་༥༠,༠༠༠ ལྷགཔ་ཅིག་ འཕྱོག་བཟུང་འབད་ཡོདཔ་ད་ རྒྱལ་ཁབ་ནང་ མང་ཤོས་ཅིག་གིས་ སྨྱོ་རྫས་དེ་ སྤྱོད་དོ་ཡོདཔ་སྦེ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༧ གི་ལོ་དེ་ནང་ སྨྱོ་རྫས་ཨེན་ཊན་སྨན་ལེབ་༡༣༧༠ དང་ ཀེ་རེས་དམ་བྱིས་༧༢ ཐི་ནར་ལི་ཊར་༡༩.༩༥ འཕྱོག་བཟུང་འབད་ནུག།
ཐིམ་ཕུག་གི་ཁྲིམས་སྲུང་འགག་པ་ཚུ་གིས་ ཀེ་ཧང་ག་རམ་༡༤༧༨ དང་ ཀེ་ཧང་སྐམ་ག་རབ་༡༠༦༨ ཚུ་ཡང་ འཕྱོག་བཟུང་འབད་ནུག།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ན་ཧིང་སྤྱི་ཟླ་༦ པའི་ནང་ བརྡ་བརྒྱུད་དང་ཞལ་འཛོམས་འཚོགས་པའི་སྐབས་ མ་གཞི་རྒྱལ་ཁབ་ནང་ སྨྱོ་རྫས་དང་འབྲེལ་བའི་གནད་དོན་དེ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་རུང་ འདས་པའི་ལོ་༥ ནང་ ཁྱད་པར་ཕྱེ་དེ་ལྟཝ་ད་ མངམ་སྦེ་ འགྱོ་འགྱོཝ་ཅིག་མེད་ཟེར་ཨིན་པས།
ཁྲིམས་སྲུང་གཙོ་འཛིན་ དམག་སྲིད་འཆི་མེད་རྡོ་རྗེ་གིས་ ནང་སྲིད་དྲུང་ཆེན་ལུ་ ཡི་གུ་བཏང་མི་ནང་ འཁོད་དེ་ཡོད་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ སྨྱོ་རྫས་ནག་ཚོང་འཐབ་མི་གི་ གྱངས་ཁ་ཡར་སེང་འགྱོ་དོ་ཡོདཔ་ལས་ གཞུང་གི་སྣུམ་འཁོར་དང་ སྒེར་འཁོར་ག་ར་ སྒོ་ར་སྒོ་ནང་ལས་ཕར་ ཞིབ་དཔྱད་འབད་ནི་ཨིནམ་སྦེ་འཁོད་ནུག།
ངང་ལམ་ལས་ མི་གཉིས་ཀྱིས་ ཁྲིམས་སྲུང་འགག་པའི་འགོ་དཔོན་གཅིག་གིས་ དབང་ཚད་ལོག་སྤྱོད་འབད་དེ་ ཁོང་ལུ་བརྡུང་རྫོབ་འབད་ཡོད་པའི་ཐད་ཁར་ གནད་དོན་དེ་ ཁྲིམས་ཁང་ནང་བཙུགས་པའི་སྐབས་ མི་མང་ཤོས་ཅིག་གིས་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ ཁ་བཏང་སའི་གཞི་ཅིག་ལུ་ གྱུར་ཡོདཔ་ཨིན།
ཨིན་རུང་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱིས་ ན་ཧིང་སྤྱི་ཟླ་༡༡ པའི་ཚེས་༡༧ ལུ་ སྟ་གོན་སྙན་གསན་འབད་ཞིནམ་ལས་ གནད་དོན་དེ་ ཕྱིར་འབུད་འབད་ཡོདཔ་ཨིན།
ཁྲིམས་སྲུང་འགག་པའི་ ཞིབ་དཔྱད་སྡེ་ཚན་དེ་གིས་ དེ་ནང་འབྲེལ་བ་ཡོད་མི་ སློབ་དཔོན་དེ་ལུ་ དང་ལེན་འབད་ནི་སྦེ་ ཐག་བཅད་ཡོདཔ་ཨིན།
ན་ཧིང་སྤྱི་ཟླ་༩ པའི་ཚེས་༢༡ ལུ་ དགེ་འདུ་གི་ཁྲིམས་སྲུང་འགག་པའི་འགོ་དཔོན་དེ་གིས་ སྤྱི་ཟླ་༩ པའི་ཚེས་༡༦ ལུ་ ཁྲིམས་སྲུང་གི་གཞུང་འཁོར་དེ་ ཐུག་རྐྱེན་བྱུང་མི་ནང་ འབྲེལ་བ་ཡོད་མི་དང་འཁྲིལ་ཏེ་ ལཱ་གཡོག་ནང་ལས་ དགོངས་གྲོལ་འབད་ཡོདཔ་ཨིན།
ཁྲིམས་སྲུང་འགག་པའི་ཁ་ཐུག་ལས་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་ཐོག་ལས་ ཁྲིམས་འགལ་ནང་ འབྲེལ་གཏོགས་ཡོད་མི་ མི་ཚུ་ ངོ་ཚ་བཅུག་ནིའི་དོན་ལུ་ ཁོང་གི་པར་ཚུ་ མི་སྡེ་བརྡ་བརྒྱུད་ནང་ བཙུགས་ནི་འགོ་བཙུགས་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་ གནད་དོན་དེ་ ཁྲིམས་མཐུན་ཨིན་ན་མེན་ནའི་སྐོར་ལས་ གྲོས་བསྡུར་མང་རབས་ཅིག་བྱུང་ས་མཐོང་མས།
མི་སེར་ཚུ་གི་ཉེན་སྲུང་ལུ་དམིགས་ཏེ་ ཁྲིམས་སྲུང་འགག་པའི་ཡིག་ཚང་ཚུ་ རྒེད་འོག་དང་ མཐའ་ཟུར་གྱི་ གཡུས་ཚན་ཚུ་ནང་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *