ཉེན་སྲུང་ཅན་དང་ གཙང་སྦྲ་ལྡན་པའི་འཐུང་ཆུ་ བཀྲམ་སྤེལ་འབད་ནི།

༉ ཉེན་སྲུང་ཅན་དང་ གཙང་སྦྲ་ལྡན་པའི་འཐུང་ཆུ་དེ་ ཁྲོམ་སྡེ་དང་ མཐའ་ཟུར་གྱི་ གཡུས་ཚན་གཉིས་ཆ་རའི་ནང་ མ་ཆད་པར་ བཀྲམ་སྤེལ་འབད་ནི་དེ་ གསོ་བའི་ལྷན་ཁག་གི་ ལོ་ལྔའི་འཆར་གཞི་༡༢ པའི་ དམིགས་གཏད་ཨིནམ་སྦེ་ ལོ་ཟུང་གསོ་བའི་ཞལ་འཛོམས་སྐབས་ལུ་ གསལ་ཞུ་འབད་ཡི།

གསོ་བའི་ལྷན་ཁག་འོག་གི་ མི་སྡེ་འཕྲོད་བསྟེན་སྡེ་ཚན་གྱི་ རིན་ཆེན་དབང་འདུས་ཀྱིས་འབད་བ་ཅིན་ ཆུ་རྐ་ལེགས་བཅོས་འབད་ནི་དང་ ཆུ་ལངམ་སྦེ་འཐོབ་ཚུགསཔ་བཟོ་ནི་ དེ་ལས་ གཙང་སྦྲ་དང་ལྡན་པའི་ ཆུ་བཀྲམ་སྤེལ་འབད་ནི་ཚུ་ འཆར་གཞི་ནང་ ཚུད་དེ་ཡོད་ཟེར་ཨིན་པས།

ཆུ་མཛོད་བཟོ་སྐྲུན་འབད་རུང་ ཆུ་རྐ་ནང་ལས་ ཆུ་མཛོད་ནང་འགྱོ་ནི་ དེ་ལས་ ཆུ་རྒྱུན་ཆད་མེད་པར་ སྤྱོད་ཚུགས་པ་ཅིན་ མི་མང་གི་འཕྲོད་བསྟེན་ལུ་ཡང་ གནོད་པ་མི་འོང་ཟེར་ཨིན་པས།

གསོ་བའི་ལྷན་ཁག་གིས་ དམིགས་གཏད་འགྲུབ་ནིའི་དོན་ལུ་ མཐའ་ཟུར་འཐུང་ཆུ་བཀྲམ་སྤེལ་གྱི་ཡིག་ཆ་བཟོ་ནི་དང་ མཐའ་ཟུར་འཐུང་ཆུ་བཀྲམ་སྤེལ་གྱི་སྲིད་བྱུས་བསྐྱར་བཟོ་འབད་ནི་ རྫོང་ཁག་བཟོ་རིག་འགོ་དཔོན་དང་ འཕྲུལ་རིགཔ་ཚུ་གི་ རིག་རྩལ་གོང་འཕེལ་གཏང་ནི་ དེ་བཟུམ་སྦེ་ རྫོང་ཁག་ནང་ལས་ཕར་ འཐུང་ཆུ་བཀྲམ་སྤེལ་གྱི་ བཟོ་སྐྲུན་ས་ཁོངས་ཚུ་ནང་ ལྟ་རྟོག་འབད་ནི་ དེ་ལས་ རྫོང་ཁག་དང་རྒེད་འོག་གི་ བདག་དབང་སྤོ་སོར་འབད་ནི་ཚུ་ནང་ ཆ་རོགས་ག་དེ་དྲག་དྲག་ འབད་དགོཔ་ཨིན་ཟེར་ཨིན་པས།

གསོ་བའི་ལྷན་ཁག་ཁ་ཐུག་ལས་ ཉེན་སྲུང་ཅན་དང་ གཙང་སྦྲ་དང་ལྡན་པའི་ འཐུང་ཆུ་བཀྲམ་སྤེལ་འབད་ནིའི་ ལས་འགུལ་དེ་ རྫོང་ཁག་༤ ནང་ གཞི་བཙུགས་འབད་ཚར་ཏེ་ཡོདཔ་ད་ ད་ལྟོ་ རྫོང་ཁག་༦ ནང་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ རྒེད་འོག་༢༤ ནང་ གྲུབ་འབྲས་ལེགས་ཤོམ་བྱུང་ཡོདཔ་ལས་ ཡུན་བརྟན་གནས་ཐབས་ལུ་ རྫོང་ཁག་དང་ རྒེད་འོག་གི་ཁ་ཐུག་ལས་ མ་དངུལ་བགོ་བཀྲམ་གནང་དགོཔ་ཁག་ཆེ་ཟེར་ རིན་ཆེན་དབང་འདུས་ཀྱིས་ སླབ་ཨིན་པས།

དེ་བཟུམ་སྦེ་ གཡུས་སྒོ་གཙང་སྦྲ་དང་ལྡནམ་སྦེ་ བཞག་དགོ་ཟེར་བའི་སྐབས་ རྒྱུན་ཆད་མེད་པའི་ འཐུང་ཆུ་བཀྲམ་སྤེལ་འབད་ནི་རྐྱངམ་གཅིག་མེན་པར་ གསང་སྤྱོད་ཚུ་ཡང་ བཟོ་སྐྲུན་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།

འཐུང་ཆུ་རྒྱུན་མ་ཆད་པར་ཡོད་རུང་ གསང་སྤྱོད་ལེགས་ཤོམ་མེད་པ་ཅིན་ དེ་ནང་ གཟན་དོམ་ཚུ་འོང་སྟེ་ ནད་གཞི་ཚུ་ ཁྱབ་སྤེལ་འབད་བ་གིས་མ་ཚད་ མི་མང་གི་ འཕྲོད་བསྟེན་ལུ་ ཐོ་ཕོག་འོང་ཟེར་ཨིན་པས།

རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བའི་ དཔེ་ཚད་འགོ་དཔོན་ པདྨ་ཆོས་འཕྲེལ་གྱིས་ འབད་བ་ཅིན་ འཐུང་ཆུ་ཧིང་སངས་ས་ཟེར་མི་དེ་ མིག་གིས་བལྟ་བའི་སྐབས་ དེ་ནང་ག་ཅི་ཡང་མེད་པར་ ཧིང་སངས་ས་མཐོང་མི་དང་ རྫས་སྦྱོར་ལ་སོགས་པ་ ག་ཅི་ཡང་མ་བླུགས་མི་ ཆུ་དེ་ལུ་ སླབ་ཨིན་ཟེར་ཨིན་པས།

འཐུང་ཆུ་དེ་ ཧིང་སངས་ས་ཡོད་མེད་ རྫོང་ཁག་གི་ དཔེ་ཚད་སྡེ་ཚན་ཚུ་གིས་ ཟླཝ་རེ་ནང་ ཚར་རེ་ སྙན་ཞུ་འབད་ནི་ཡོད་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ སྨན་ཁང་དང་གཞི་རྟེན་སྨན་ཁང་སྡེ་ཚན་༡ པ་ཚུ་བརྩིསཝ་ད་ སྙན་ཞུ་འབད་སའི་ལྟེ་བ་༣༤ ཡོདཔ་སྦེ་ཨིན་པས།

དཔེ་ཚད་བརྟག་དཔྱད་འབད་ནིའི་དོན་ལུ་ རྫོང་ཁག་༡༦ གི་ གསོ་བའི་ལས་རོགསཔ་ཚུ་ སྦྱོང་བརྡར་བྱིན་ཏེ་ཡོདཔ་སྦེ་ པདྨ་ཆོས་འཕེལ་གྱིས་ སླབ་ཨིན་པས།

ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ཆུ་ལངམ་སྦེ་ཡོདཔ་ལས་ ཉེན་སྲུང་ལྡན་པའི་ཆུ་ འཐུང་ནིའི་དོན་ལུ་ ག་ར་གིས་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དགོཔ་ཁག་ཆེ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *