ཉེན་སྲུང་གི་དོན་ལུ་ འཕྲུལ་ཆས་བཅོ་མིའི་ མི་སྟོབས་མངམ་དགོ་ནི།

༉ འབྲུག་འདི་ འབྱུང་བ་བཞིའི་ འཇིགས་པ་ཆེ་སུ་ཡོད་པའི་ རྒྱལ་ཁབ་ཅིག་ཨིན་རུང་ འདས་པའི་ཉམས་མྱོང་ཚུ་དང་འཁྲིལ་བ་ཅིན་ འཇིགས་པ་ཚུ་གི་གྲས་ལས་ མེ་རྐྱེན་མངམ་བྱུངམ་ཨིན་མས།
མེ་རྐྱེན་དེ་ཡང་ མང་ཤོས་ར་ ས་སྐམ་རྡོ་སྐམ་གྱི་ དུས་ཚོད་ནང་ བྱུང་དོ་ཡོདཔ་ལས་ འཁོར་ལམ་ལྷོད་སའི་ ས་གོ་ཚུ་ནང་ མེ་བསད་སྣུར་འཁོར་དེ་ དགོས་མཁོ་ཅན་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན།
འདི་འབདཝ་ལས་ ཁྲིམས་སྲུང་འགག་སྡེའི་ མི་བསད་ཞབས་ཏོག་སྡེ་ཚན་གྱིས་ མེ་བསད་སྣུམ་འཁོར་༥༢ མཁོ་སྒྲུབ་ཐོག་ རྒྱལ་ཁབ་ནང་འཁོད་ལུ་ བགོ་བཀྲམ་འབད་ཡོདཔ་ལས་ ཁང་ཁྱིམ་ཚུ་ལུ་ མེ་རྐྱེན་བྱུང་པའི་སྐབས་དང་ ཐ་ན་ ནགས་ཚལ་དང་ སྤང་མེ་ཤོར་རུང་ དུས་ཚོད་ཁར་ ལྷོད་ཚུགས་པ་ཅིན་ མེ་བསད་སྣུམ་འཁོར་ཚུ་གིས་ རྒྱུ་དངོས་ཚུ་ ཉེན་སྐྱོབ་འབད་ཚུགསཔ་ཨིན་མས།
མེ་བསད་སྣུམ་འཁོར་མང་ཤོས་ར་ ཇ་པཱན་གཞུང་གིས་ གྲོགས་རམ་སྦེ་ བྱིན་བྱིནམ་དང་ ལ་ལོ་ཅིག་ རྒྱ་གར་གཞུང་གི་ མ་དངུལ་གྲོགས་རམ་ཐོག་ལས་ མཁོ་སྒྲུབ་འབད་ཡོདཔ་ཨིན་མས།
འདི་འབདཝ་ད་ མེ་བསད་སྣུམ་འཁོར་༥༢ ལས་༨ མེདཔ་ཐལ་ཏེ་ བཅོ་ཁ་རྐྱབ་མ་ཚུགས་པར་ ལུས་མི་དེ་ཡང་ འཕྲུལ་ཆས་བཅོ་མི་ ཉམས་མྱོང་ཅན་མེད་མི་ལུ་བརྟེན་ དེ་སྦེ་ར་ སྣུམ་འཁོར་བཞག་ཁང་ནང་བཞག་ནུག།
དེ་མ་ཚད་ མེ་བསད་འཕྲུལ་ཆས་ལེ་ཤ་ཅིག་ར་ སྤྱི་ལོ་༡༩༨༠ གྱ་གྲངས་ལུ་ མཁོ་སྒྲུབ་འབད་མི་ཚུ་ཡོདཔ་ལས་ རྒྱུན་སྐྱོང་གི་ ཟད་འགྲོ་ཡར་སེང་འགྱོ་དོ་ཡོདཔ་ད་ ན་ཧིང་ལོ་ནང་ མེ་བསད་ཞབས་ཏོག་སྡེ་ཚན་གྱིས་ འཕྲུལ་ཆས་ཚུ་ བཅོ་ནི་དང་ རྒྱུན་སྐྱོང་གི་དོན་ལུ་ དངུལ་ཀྲམ་ས་ཡ་༤.༩ ཟད་འགྲོ་བཏང་དགོཔ་བྱུང་ནུག།
མ་གཞི་ འཕྲུལ་ཆས་མེདཔ་ཐལ་མི་ཚུ་ བཅོ་ཚུགས་ནི་ཨིན་རུང་ འབྲུག་གི་སྣུམ་འཁོར་བཅོ་ཁང་ཚུ་ནང་ མེ་བསད་སྣུམ་འཁོར་གྱི་ འཐེན་འཕྲུལ་བཅོ་ནི་དང་ རྒྱུན་སྐྱོང་འབད་ནི་གི་ འཕྲུལ་ལསཔ་མེད་མི་ལུ་བརྟེན་ བཅོ་མ་ཚུགས་པའི་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན་མས།
འདི་བཟུམ་མའི་ གདོང་ལེན་བྱུང་མི་དེ་ མེ་བསད་སྡེ་ཚན་ལུ་རྐྱངམ་གཅིག་མེན་པར་ གསོ་བའི་སྨན་ཁང་ཚུ་ནང་ ནདཔ་སྐྱེལ་ལེན་འབད་མི་ སྣུམ་འཁོར་མང་རབས་ཅིག་ ཇ་པཱན་ལ་སོགས་པའི་ ཕྱིའི་རྒྱལ་ཁབ་ཚུ་ལས་ གྲོགས་རམ་སྦེ་ ཐོབ་མི་ཚུ་ལུ་ཡང་ རྒྱུན་སྐྱོང་གི་ དཀའ་ངལ་བྱུང་སྟེ་ཡོདཔ་ཨིན་མས།
འཕྲུལ་ཆས་དེ་ཚུ་ བཅོ་ནི་མེད་པའི་བསྒང་ལས་ ལག་ལེན་མེད་པར་ལུསཔ་ད་ མི་སྡེའི་ཞབས་ཏོག་ལུ་ ཐོ་ཕོགཔ་མ་ཚད་ མ་དངུལ་ལངམ་མེད་མི་ལུ་བརྟེན་ འཕྲུལ་ཆས་གསརཔ་ ཉོ་ཚུགས་པར་ ལཱ་ཁག་ཡོདཔ་ཨིན།
ད་རུང་ ཟླཝ་དག་པ་ཅིག་གི་ཧེ་མར་ ཇ་པཱན་གཞུང་གིས་ རྫོང་ཁག་༢༠ ལུ་ ས་རྐོ་སྣུམ་འཁོར་དང་ དོང་རྐོ་འཕྲུལ་ཆས་རེ་ གྲོགས་རམ་བྱིན་མི་ཚུ་ བགོ་སྤྲོད་འབད་ཚར་ཡོདཔ་ཨིན་རུང་ ལོ་༡ དང་༢ ཀྱི་རྒྱབ་ལས་ འཕྲུལ་ཆས་མེདཔ་ཐལ་ནི་དང་ རྒྱུན་སྐྱོང་གི་ དཀའ་ངལ་འཐོན་ནི་གི་ ཉེན་ཁ་ཡོདཔ་ཨིན།
འདི་འབདཝ་ད་ འཕྲུལ་ཆས་དེ་ཚུ་ མེདཔ་ཐལཝ་ད་ བཅོ་ནི་གི་དོན་ལས་ འབྲུག་ལུ་ འཕྲུལ་ལསཔ་ལྕོགས་གྲུབ་ཅན་ཡོདཔ་ཨིན་ན?
ང་བཅས་ཀྱིས་ གྲོགས་རམ་རྐྱངམ་གཅིག་ལུ་ བརྟེན་སྡོད་ནི་མེན་པར་ མེདཔ་ཐལ་མི་ མེ་བསད་སྣུམ་འཁོར་དང་ ས་རྐོ་འཕྲུལ་ཆས་ ནད་སྐྱེལ་ལེན་སྣུམ་འཁོར་ཚུ་ བཅོ་ནིའི་དོན་ལུ་ འཕྲུལ་ལསཔ་ཚུ་ལུ་ སྦྱོང་བརྡར་བྱིན་ཏེ་ འཕྲུལ་ཆས་སོ་སོའི་ནང་ ཁྱད་རིག་ཅན་བཟོ་དགོ་པའི་ དུས་ཚོད་ན་འཐན་རན་ནུག།
ང་བཅས་ལུ་ འཕྲུལ་ཆས་བཅོ་མི་ མངམ་ཡོད་པ་ཅིན་ མེ་བསད་སྣུམ་འཁོར་ ཡང་ཅིན་ ས་རྐོ་འཕྲུལ་ཆས་མེདཔ་ཐལ་རུང་ བཅོ་ཚུགས་ནི་དང་ མི་སྡེའི་ཞབས་ཏོག་ཚུ་ཡང་ དོན་སྨིན་ཅན་སྦེ་ མཁོ་སྤྲོད་འབད་ཚུགས་ནི་ཨིནམ་མ་ཚད་ མེའི་འཇིགས་པ་བྱུང་རུང་ ཉེན་སྐྱོབ་འབད་ཚུགས་ཟེར་ ཞུ་ནི་ཨིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *