ཉེན་སྲུང་གི་གདོང་ལེན་ཡོད་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་ལས་འབད་མི་ཚུ་ལུ་ ཞིབ་དཔྱད་མཐིལ་ཕྱིན་འབད་ནི།

༉ འདས་པའི་བྱུང་རྐྱེན་ཚུ་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་འགོ་དཔོན་ཚུ་ལུ་ ཉེས་ཁྲིམས་ཕོག་མི་ཚུ་གིས་ ལག་ཉེས་བཀལ་བའི་ཤུལ་ལས་ ཉེན་སྲུང་གི་ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་ཏེ་ཡོད་རུང་ ལྷན་ཚོགས་ཀྱིས་ དྲང་ཁྲིམས་ཀྱི་རིང་ལུགས་ལུ་ བློ་གཏད་དང་ཡིད་ཆེས་ཡོདཔ་ལས་ ཉེས་ལས་ཀྱི་བྱ་སྤྱོད་འབད་མི་ཚུ་ལུ་ ཚུལ་མཐུན་ཞིབ་དཔྱད་ འབད་དེ་ མཐའན་མཇུག་ལུ་ དྲང་པོར་མཐའ་བཅད་པའི་ རེ་བ་ཡོད་ཟེར་ཨིན་པས།

གནད་དོན་དེ་ཡང་ ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༢༡-༢༠༢༢ ལོའི་ ལོ་བསྟར་སྙན་ཞུའི་ནང་ བཀོད་དེ་ཡོདཔ་ད་ ལྷན་ཚོགས་ཀྱི་ ཞིབ་དཔྱད་འགོ་དཔོན་དང་ ལས་བྱེདཔ་ཚུ་ལུ་ གནོད་འགེལ་འབད་མི་ཚུ་གིས་ གནོད་སེམས་ཀྱི་ དགྲ་ལན་འཇལ་མི་ཚུ་ ཐོན་བཞིན་ཡོད་པའི་ཁར་ སྤྱི་ལོ་༢༠༢༢ ཟླ་༤ པའི་ཚེས་༢༩ ལུ་ མངོན་མཐོ་ཁྲིམས་འདུན་གྱི་ས་ཁོངས་ནང་ རྩོད་བཤེར་འབད་བའི་དུས་ཚོད་ནང་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་ལུ་ ལག་ཉེས་བཀལ་མི་ཡང་ ཐོན་ཡོད་པའི་སྐོར་ལས་ བཀོད་དེ་འདུག།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༡-༢༠༢༢ ལོའི་ ལོ་བསྟར་སྙན་ཞུའི་ནང་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གི་ ཉེན་སྲུང་ལུ་ དཀའ་ངལ་བྱུང་མི་ལུ་བརྟེན་ ཁྲིམས་ཀྱི་ལག་ལེན་ སྒྲིང་སྒྲི་བཟོ་ནི་དེ་ མེད་ཐབས་མེད་པའི་ཐབས་བྱུས་ཅིག་ཨིནམ་ལས་ ལྷད་ཚོགས་ཀྱི་བཅའ་ཁྲིམས་༢༠༡༡ ཅན་མའི་ དོན་ཚན་༢༤ པའི་དང་པ་གི་ ག་པ་དང་འཁྲིལ་ཏེ་ སྤྱི་ཚོགས་ལུ་ བཅའ་ཁྲིམས་དེ་ བསྐྱར་ཞིབ་དང་ འཕྲི་སྣོན་འབད་དགོ་པའི་ རྒྱབ་སྣོན་འབད་དེ་ཡོདཔ་ཨིན་པས།

ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གི་ ལཱ་འགན་དེ་ ཞིབ་དཔྱད་འབད་ནི་དེ་ཨིནམ་ལས་ ལཱ་ལུ་བརྟེན་པའི་ ཉེན་ཁ་ཡོདཔ་ལས་ ལྷན་ཚོགས་དང་པའི་སྐབས་ལས་ར་ གནད་དོན་དེ་ལུ་ གྲོས་བསྡུར་འབད་དགོ་པའི་སྐོར་ལས་ ལོ་བསྟར་སྙན་ཞུ་ནང་ཡང་ བཙུགས་ཏེ་ར་ཡོད་ཟེར་ བཀོད་ནུག།

ངན་ལྷད་ཀྱི་ལཱ་དེ་ ངོ་རྐྱང་དང་ སྣ་འཛིངས་ཀྱི་གནས་སྟངས་ཡོད་པའི་ཁར་ ལྷན་ཚོགས་ཀྱིས་ འགན་ཁུར་འབག་པའི་སྐབས་ གདོང་ལེན་ཚུ་ཡོདཔ་ལས་ ལས་བྱེདཔ་ཚུ་ལུ་ ཚ་གྱང་ཆེ་དྲགས་མྱོང་བའི་ཁར་ ལས་བྱེདཔ་ཚུ་ལུ་ འདྲོག་འཇིགས་ཚུ་ བྱུང་སྟེ་ར་ ཡོད་ཟེར་བཀོད་ནུག།

བྱུང་རྐྱེན་དེ་གིས་ ལས་བྱེདཔ་མ་ཚད་ ཁོང་རའི་ བཟའ་ཚང་ཚུ་ལུ་ཡང་ ཚ་གྱང་ལང་དགོ་པའི་ གཞི་གནད་ལུ་གྱུར་ཡོད་པའི་ཁར་ སེམས་ཁམས་ཀྱི་ སྡུག་སྦྱོང་བྱུང་སྟེ་ཡོད་ཟེར་བཀོད་ནུག།

ལྷན་ཚོགས་ཀྱིས་ དྲང་ཁྲིམས་ཀྱི་རིང་ལུགས་ལུ་ བློ་གཏད་དང་ ཡིད་ཆེས་ཡོདཔ་ལས་ ཉེས་ལས་ཀྱི་བྱ་སྤྱོད་དེ་ ཚུལ་མཐུན་བཞིན་དུ་ ཞིབ་དཔྱད་འབད་བའི་རྗེས་སུ་ ཉེས་བཤེར་ཞིབ་ཞིབ་འབད་དེ་ མཇུག་ལུ་ དྲང་པོར་མཐའ་བཅད་པའི་རེ་འདུན་ཡོད་ ཟེར་ སྙན་ཞུའི་ནང་བཀོད་ནུག།

མངོན་མཐོ་ཁྲིམས་འདུན་གྱི་ ས་ཁོངས་ཀྱི་བྱུང་རྐྱེན་ནང་ ལྷན་ཚོགས་ཀྱི་ ཞིབ་དཔྱད་སྡེ་ཚན་གྱི་ མདོ་ཆེན་དང་ ལྷན་འཛིན་ལུ་ ཐིམ་ཕུག་རྫོང་བདག་བགྲེསཔ་ ལྷཔ་རྡོ་རྗེ་གི་ བཟའ་ཚང་ཚུ་གིས་ ཀྲོང་གསར་ལུ་ ངན་ལྷད་ཐོག་ལས་ གཞུང་ས་སྒེར་སྤྱོད་འབད་བའི་ ཉེས་འཛུགས་ཀྱི་ རྩོད་བཤེར་འབད་བའི་སྐབས་ ཉེས་ཁྲིམས་ཕོག་དགོ་པའི་ འཁྲུན་ཆོད་གཞི་འཛིན་ལུ་ བསམ་པ་མ་རྫོགས་པར་ བརྡུང་རྫོབ་འབད་བའི་ཁར་ གྱི་ཡང་ ལག་ལེན་འཐབ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *