ཉེན་བཅོལ་རྫུས་མའི་ ཐོབ་བརྗོད་བཀོད་མི་ལུ་ རྩོད་ཟླ་ཚུ་ལས་ ངོས་ལེན་མེད་པའི་ཞུ་བ།

༉ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ དྲུང་ཆེན་བགྲེསཔ་ དྲགོས་ཤེས་རབ་རྒྱལ་མཚན་གྱིས་ སྣུམ་འཁོར་གྱི་ཉེན་བཅོལ་རྫུས་མ་ ཐོབ་བརྗོད་བཀོད་པའི་ རྩོད་བཤེར་ནང་ འབྲེལ་བ་ཡོད་མི་ ཉེས་འཛུགས་ཅན་༦ གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་འབད་མི་ལུ་ བརྒལ་ལན་ཕུལ་ཡི།
རྩོད་བཤེར་ནང་ འབྲེལ་བ་ཡོད་མི་ག་ར་གིས་ བྱ་ངན་ཤེས་རྟོགས་མེདཔ་ལས་ རྩོད་བཤེར་དེ་ ཕྱིར་འབུད་འབད་དགོ་པའི་ ཞུ་བ་ཕུལ་ཡོདཔ་ཨིན་པས།
དྲགོས་ཤེས་རབ་རྒྱལ་མཚན་གྱིས་ ཁོ་རའི་སྣུམ་འཁོར་ པ་རཱ་ཌོ་དེ་ སྤྱི་ལོ་༢༠༡༦ ཟླ་༧ པའི་ཚེས་༡༩ ལུ་ ལམ་དཔལ་རི་ལུ་ ཐུག་རྐྱེན་བྱུང་ཡོདཔ་སྦེ་བཟོ་སྟེ་ ཉེན་བཅོལ་འཐོབ་ནིའི་དོན་ལུ་ ཡིག་ཆ་རྫུས་མ་བཟོ་སྟེ་ ཐོབ་བརྗོད་བཀོད་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཉེན་བཅོལ་ཡིག་ཆ་དང་འཁྲིལཝ་ད་ སྣུམ་འཁོར་དེ་ ཐུག་རྐྱེན་བྱུང་སའི་ ས་ཁོངས་ནང་ལས་བཏོན་ཏེ་ ཀུན་དགའ་སྣུམ་འཁོར་བཅོ་ཁང་ནང་ བཞག་སྟེ་ཡོདཔ་སྦེ་ བཀོད་ཡོད་པའི་ཁར་ ཁྲིམས་སྲུང་འགག་པ་ལས་ ཡི་གུ་མེད་པའི་ཁར་ དྲགོས་ཀྱིས་ཡང་ ཁྲིམས་སྲུང་འགག་པ་ལས་ ཡི་གུ་དགོཔ་མ་ཤེས་ཟེར་ བཀོད་ཡོདཔ་ཨིན་པས།
ཉེན་བཅོལ་ལས་སྡེའི་འགོ་དཔོན་ཚུ་གིས་ བཀོད་ཁྱབ་མདོ་ཆེན་གྱིས་ སླབ་བཞིན་དུ་ འབྱོར་རྟགས་དང་ཡིག་ཆ་ཚུ་ རྫུས་མ་བཟོ་ནུག་ཟེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
དྲགོས་ཤེས་རབ་རྒྱལ་མཚན་གྱི་རྒྱབ་མི་ ཡེ་ཤེས་དབང་འདུས་ཀྱིས་ ཁོ་རའི་རྩོད་རྩ་གིས་ ཁྲིམས་ལུགས་ག་ཅི་ཡང་ འགལ་བ་འབད་དེ་མིན་འདུག་ཟེར་ ཞུ་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ དྲགོས་ཀྱིས་ ཉེན་བཅོལ་ཡིག་ཚང་གི་ལམ་ལུགས་དང་ བཀོད་ཁྱབ་མདོ་ཆེན་གྱི་ བཀོད་རྒྱ་དང་འཁྲིལ་ ཉེན་བཅོལ་ཡི་གུ་བཙུགས་ནུག་ཟེར་ ཞུ་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེན་བཅོལ་གྱི་ཐོབ་ལམ་མིན་འདུག་ཟེར་མི་དེ་ མི་༡ གིས་༢ ཀྱི་ངག་བརྗོད་ལུ་ གཞིར་བཞག་སྟེ་ ཉེས་འཛུགས་འབད་ནི་མེན་པར་ དྲང་ཁྲིམས་ཀྱི་མཐའ་དོན་ལུ་དམིགས་ཏེ་ ཐེ་ཚོམ་ལས་གྲོལ་བའི་ རྒྱུ་མཚན་བཏོན་དགོ་ཟེར་ཞུ་ཡི།
ཁོ་གིས་ ཐོབ་བརྗོད་འབད་མི་ཚུ་ཡང་ ཚོང་མགྲོན་པའི་ཐོབ་ཐངས་དང་འཁྲིལ་ ལས་སྡེའི་ལམ་ལུགས་དང་འཁྲིལ་མ་གཏོགས་ དྲགོས་ཀྱིས་ དབང་བཙོང་ཐོག་ལས་ལེན་ཏེ་མེད་པའི་ཁར་ སྣུམ་འཁོར་ཅ་ཆས་ཀྱི་གོང་ཚད་ཚུ་ཡང་ ལས་སྡེ་གི་ ལམ་ལུགས་དང་འཁྲིལ་བྱིན་ནུག་ཟེར་ཞུ་ཡི།
དྲགོས་ཀྱི་རྩོད་གཞི་དེ་ ཆུང་ཀུ་ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གཙོ་རིམ་བཟུང་སྟེ་འབད་མི་དེ་ སྲིད་ཚོགས་ནང་ འཛུལ་མ་བཅུག་པར་ བར་དཀྲོག་འབད་ནིའི་ འཆར་གཞི་ཨིན་མས་ཟེར་ཞུ་ཡི།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འབྲུག་ཚོང་འབྲེལ་ལས་སྡེ་གིས་ སྣུམ་འཁོར་དེ་གི་ ཉམས་བཅོས་སྐོར་ལས་ ལྟ་བའི་སྐབས་ སྣུམ་འཁོར་དེ་ རྒྱ་ཆེཝ་སྦེ་ བཅོ་དགོཔ་མ་ཐོན་པའི་ཁར་ ཐུག་རྐྱེན་བྱུང་བྱུངམ་བཟུམ་ཡང་ མིན་འདུག་ཟེར་བཀོད་ཡོདཔ་སྦེ་ ཞུ་ཡོདཔ་ཨིན་པས།
ཉེན་བཅོལ་ལས་འཛིན་གྱི་ ལས་བྱེདཔ་༣ གྱིས་ ཁྲིམས་འདུན་ལུ་ ཁོང་གིས་ བཀོད་ཁྱབ་མདོ་ཆེན་གྱི་བཀའ་རྒྱ་དང་འཁྲིལ་འབད་ཡོདཔ་མ་ཚད་ ཁོང་ཚུ་གིས་ བཀོད་ཁྱབ་མདོ་ཆེན་ལུ་ གནད་དོན་དེ་ ལམ་ལུགས་དང་མ་འཁྲིལ་བའི་སྐོར་ལས་ ཡང་བསྐྱར་དུ་དྲན་ཚོར་འབད་ཡི་ཟེར་ཞུ་ཡི།
ཁོང་གིས་ དྲགོས་ཤེས་རབ་རྒྱལ་མཚན་ ངོ་མི་ཤེས་ཟེར་ཨིན་པའི་ཁར་ ཉེན་བཅོལ་དེ་ལས་ ཁོང་ལུ་ ཁེ་ཕན་ག་ནི་ཡང་ ཐོབ་སྟེ་མེད་ཟེར་ཞུ་ཡོདཔ་ཨིན་པས།
དར་དཀརཔོ་སྣུམ་འཁོར་བཅོ་ཁང་གི་ཇོ་བདག་ ཡོན་ཏན་ཕུན་ཚོགས་ཀྱིས་ ཨོ་རྒྱན་རྣམ་གྲོལ་ལུ་ དངུལ་འབྱོར་སྟོངམ་བྱིན་ཡོདཔ་སྦེ་ ཁ་བཟེད་ཡོད་རུང་ ཁོ་གིས་ དེ་བཟུམ་མའི་ ཐོབ་བརྗོད་དོན་ལུ་ ལག་ལེན་འཐབ་ནི་ཨིནམ་ མ་ཤེས་ཟེར་ཞུ་ཡི།
བསོད་ནམ་རྡོ་རྗེ་གི་རྒྱབ་མི་ ཀརྨ་ལྷུན་རྩེ་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསོད་ནམས་རྡོ་རྗེ་ལུ་ དྲགོས་ཤེས་རབ་རྒྱལ་མཚན་ལུ་ འབྲུག་ཉེན་སྲུང་ལས་འཛིན་ཚད་ཀྱི་ ལམ་ལུགས་ལས་ འགལ་སོ་ནུག་ཟེར་ཞུ་ཡོད་མི་དེ་ མི་བདེན་ཟེར་ཞུ་ཡི།
དེ་ཡང་ ལས་སྡེའི་ཚོང་འབྲེལ་ངོ་མ་ར་ ཉེན་བཅོལ་བྱིན་ནི་ཨིནམ་ལས་ མི་མང་ལུ་ཉེན་བཅོལ་བྱིན་ནི་ལུ་ ལས་སྡེ་གིས་ཤུགས་བཏོན་དོ་ཡོད་པའི་ཁར་ ཉེན་བཅོལ་གྱི་རིགས་ཡོད་མི་ཚུ་ག་ར་ ཡོངས་རྫོགས་ཉེན་བཅོལ་འབད་ནི་ལུ་ཡང་ བརྩོན་ཤུགས་བསྐྱེད་དོ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ དྲགོས་ཤེས་རབ་རྒྱལ་མཚན་གྱི་ སྣུམ་འཁོར་དེ་གི་ཉེན་བཅོལ་དེ་ བསྒྱུར་བཅོས་འབད་དེ་ ཡོངས་རྫོགས་ཉེན་བཅོལ་འབད་བཅུག་ནུག་ཟེར་མི་དེ་ ལམ་ལུགས་དང་འཁྲིལ་འབད་ཡོདཔ་མ་གཏོགས་ ལམ་ལུགས་ལས་འགེལ་ཏེ་ འབད་འབདཝ་མེདཔ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་ལུགས་ག་ཅི་ལས་ འགེལ་ཡོདཔ་ཨིན་ ཁུངས་བཀལ་དགོ་ཟེར་ཞུ་ཡི།
དེ་ལས་ དྲགོས་ཤེས་རབ་ཀྱི་སྣུམ་འཁོར་དེ་ལུ་ ཡོངས་རྫོགས་ཉེན་བཅོལ་ཡོདཔ་ལས་ ཐོབ་ལམ་ཡང་ དེ་སྦེ་སྤྲོད་ཡོད་མི་དེ་ ཁྲིམས་ག་ཅི་དང་ འགལ་ཡོདཔ་ཨིན་ན་ ཁུངས་བསྐྱལ་དགོ་ཟེར་ཞུ་ཡི།
དེ་འབདཝ་ལས་ རྒྱབ་མི་གིས་ ཁྲིམས་འདུན་ལུ་ བསོད་ནམས་རྡོ་རྗེ་ལུ་ ཉེས་འཛུགས་འབད་མི་དེ་ ཕྱིར་འབུད་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ད་ དེ་ཡང་ ཁོ་ལུ་ ཧེ་མ་ལས་ བདག་སྐྱོང་དང་འབྲེལ་བའི་ ཉེས་ཁྲིམས་བཀལ་ཡི་ཟེར་ཨིནམ་ད་ ལྷན་ཚོགས་ཀྱི་ཁྲིམས་དང་འཁྲིལཝ་ད་ བདག་སྐྱོང་གི་ཉེས་ཁྲིམས་མ་བཀལ་བ་ཅིན་རྐྱངམ་གཅིག་ ཉེས་བཤེར་འབད་དགོཔ་སྦེ་ འདུག་ཟེར་ཨིན་པས།
རྒྱབ་མི་གིས་ ཁྲིམས་དེའི་དགོངས་དོན་དེ་ཡང་ དོན་འགྲེལ་འབད་གནང་ཟེར་ཞུ་ཡོདཔ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་ཡིག་ཆ་ དཔེར་ན་ ངག་བརྗོད་ལ་སོགས་པ་ཚུ་ ཉེས་བཤེར་མ་འབད་བའི་ཧེ་མར་ ལས་སྡེ་ཚུ་ལུ་ བཀྲམ་སྤེལ་འབད་ནུག་ཟེར་ཞུ་ཡི།
བརྒལ་ལན་སྙན་གསན་དེ་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *