ཉེན་བཅོལ་ཐོབ་ལམ་རྫུས་བཟོ་ནང་ གྲལ་གཏོགས་འབད་མི་༦ ལུ་ཉེས་འཛུགས།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ དྲུང་ཆེན་བགྲེསཔ་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་གྱི་ བཀོད་ཁྱབ་མདོ་ཆེན་བགྲེསཔ་བརྩིས་ཏེ་ མི་ངོམ་༦ ལུ་ ཉེན་བཅོལ་དངུལ་ཀྲམ་༢༢༦,༥༤༦ བྱིན་མིའི་ནང་ དབང་ཚད་ལོག་སྤྱོད་དང་ གཡོ་སྒྱུ་ དེ་ལས་ ཚུལ་མིན་དང་སྡོང་ཟླ་འབད་བའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤྱི་ཟླ་༥ པའི་ཚེས་༡༤ ལུ་ གནད་དོན་དེ་ ཁྲིམས་འདུན་ལུ་བཙུགས་ཡོདཔ་ད་ དྲུང་ཆེན་བགྲེསཔ་ ཤེས་རབ་རྒྱལ་མཚན་གྱིས་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ལུ་ སྤྱི་ལོ་༢༠༡༦ ཟླ་༧ པའི་ཚེས་༡༩ ལུ་ ཁོ་རའི་སྣུམ་འཁོར་ ཊོ་ཡོ་ཊ་ པར་ཌོ་དེ་ ཐིམ་ཕུག་དང་ དབང་འདུས་བར་ནའི་ གཞུང་ལམ་གྱི་ས་གནས་ ལམ་དཔལ་རི་ལུ་ལྷོདཔ་ད་ ཐུག་རྐྱེན་བྱུང་ཡོད་པའི་ སྙན་ཞུ་འབད་ཡོདཔ་ཨིན་པས།
སྙན་ཞུ་ཡི་གུ་ནང་ སྣུམ་འཁོར་དེ་ ས་ཁོངས་ནང་ལས་འཐུ་འབག་སྟེ་ ཀུན་དགའ་སྣུམ་འཁོར་བཅོ་ཁང་ནང་བསྐྱལ་ཡོདཔ་སྦེ་ བྲིས་ཡོདཔ་ཨིན་རུང་ དེ་ནང་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ ཡི་གུ་མེདཔ་ཨིན་པས།
ཁོ་གིས་ ཐུག་རྐྱེན་དེ་བཟུམ་བྱུངམ་ད་ ཉེན་བཅོལ་ཐོབ་བརྗོད་བཀོད་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་ལས་ སྙན་ཞུ་དགོ་པའི་སྐོར་ལས་ མ་ཤེས་ཟེར་བྲིས་ཡོདཔ་ད་ ལས་འཛིན་གྱི་ལས་བྱེདཔ་གིས་ ཁོ་རའི་ བཀོད་ཁྱབ་མདོ་ཆེན་གྱི་ བཀའ་རྒྱ་དང་འཁྲིལ་ ལས་འཛིན་གྱི་སྒྲིག་གཞི་ལས་འགལ་རུང་ འབྱོར་རྟགས་དང་ ཡིག་ཆ་ཚུ་ རྫུས་མ་བཟོ་ནུག་ཟེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ནང་བཀོད་ནུག།
གནད་དོན་དེ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་སྐབས་ དྲུང་ཆེན་བགྲེསཔ་གི་སྣུམ་འཁོར་དེ་ མོང་སྒར་ལུ་འགྱོ་བའི་ལམ་ཁར་ སྣུམ་འཁོར་གྱི་འཕྲུལ་ཨམ་ལུ་ དཀའ་ངལ་ཐོན་ཏེ་ ཨོ་ལ་ཁ་ལུ་ཡོད་མི་ འབྲུག་ཚོང་འབྲེལ་ལས་འཛིན་གྱི་ སྣུམ་འཁོར་བཅོ་ཁང་ནང་ བཅོ་ཁ་རྐྱབ་ཡོད་པའི་ཤེས་རྟོགས་བྱུང་ནུག།
ལས་འཛིན་གྱི་ ཉམས་བཅོས་འབད་བའི་ ཡིག་ཆ་དང་འཁྲིལཝ་ད་ སྣུམ་འཁོར་དེ་ལུ་ བཅོ་ཁ་སྦོམ་སྦེ་རྐྱབ་སྟེ་མེདཔ་ལས་ སྣུམ་འཁོར་དེ་ ཐུག་རྐྱེན་བྱུང་ཡོད་པའི་ བརྡ་མཚོན་མིན་འདུག་ཟེར་ ཉེས་བཤེར་ནང་བཀོད་ནུག།
ཉམས་བཅོས་ངོ་མ་འབད་བའི་སྐབས་ དངུལ་ཀྲམ་༥༨,༨༦༡ གནས་ཡོད་རུང་ ཤུལ་ལས་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་གྱི་ ཞིབ་དཔྱད་འགོ་དཔོན་ ཨོ་རྒྱན་རྣམ་གྲོལ་གྱིས་ སྣུམ་འཁོར་བཅོ་ཁང་ཚུ་ནང་ལས་ འབྱོར་རྟགས་སྟོངམ་ཚུ་ལེན་ཏེ་ དངུལ་ཀྲམ་༡༢༥,༧༤༦ ལུ་ ཡར་སེང་འབད་ནུག་ཟེར་ བཀོད་ནུག།
ཨོ་རྒྱན་རྣམ་གྲོལ་གྱིས་ ཏི་རུའི་འབྱོར་རྟགས་སྟོངམ་དེ་ཡང་ དར་དཀརཔོ་བཅོ་ཁང་ལས་ལེན་ཏེ་ ཧེ་མའི་ འབྱོར་རྟགས་དེ་གི་ཚབ་སྦེ་ ལག་ལེན་འཐབ་ཡོད་པའི་ཁར་ ཉེན་བཅོལ་ཐོབ་བརྗོད་དེ་ ཚུལ་མིན་ཨིནམ་ཤེས་ཏེ་འབད་རུང་ འགོ་དཔོན་དེ་གིས་ ངོས་ལེན་འབད་ནུག་ཟེར་ བཀོད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་གྱི་ བཀོད་ཁྱབ་མདོ་ཆེན་བགྲེསཔ་ བསོད་ནམས་རྡོ་རྗེ་གི་བཀའ་རྒྱ་དང་འཁྲིལ་ དྲུང་ཆེན་བགྲེསཔ་གིས་ དངུལ་ཀྲམ་༡༧,༧༠༩ སྤྲོད་དེ་ ཁོ་རའི་སྣུམ་འཁོར་གྱི་ ཉེན་བཅོལ་གནས་ཚད་ཡར་སེང་འབད་དེ་ ཡོངས་རྫོགས་ཉེན་བཅོལ་ནང་ བཙུགས་ནུག་ཟེར་ཨིན་པས།
དེ་མ་ཚད་ སྣུམ་འཁོར་དེ་ སྤྱི་ལོ་༢༠༡༦ ཟླ་༧ པའི་ཚེས་༥ ཚུན་ ཉེན་བཅོལ་དབྱེ་ཁག་གསུམ་པའི་ནང་ ཐོ་བཀོད་འབད་དེ་ཡོད་རུང་ སྤྱི་ཟླ་༦ པ་ལས་ ལོ་༡ ཚུན་ ཉེན་བཅོལ་ཡོངས་རྫོགས་ཀྱི་གྲས་ཁར་ བཙུགས་བཏང་ནུག་ཟེར་བཀོད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་ཀྱིས་ ཉེན་བཅོལ་ཡར་སེང་འབད་ནིའི་དོན་ལུ་ སྣུམ་འཁོར་དེ་གི་ ཞིབ་དཔྱད་ཡོངས་རྫོགས་འབད་དགོ་མི་དེ་ མ་འབད་བས་ཟེར་ཨིན་པའི་ཁར་ སྣུམ་འཁོར་དེ་ལུ་ སྤྱི་ལོ་༢༠༡༦ ཟླ་༧ པའི་ཚེས་༦ དང་ སྤྱི་ལོ་༢༠༡༧ ཟླ་༦ པའི་ཚེས་༣ གྱི་ཚེས་གྲངས་ནང་ ཉེན་བཅོལ་ཁག་༢ འབད་ཡོད་མི་དེ་ ལས་འཛིན་གྱི་སྒྲིག་གཞི་ལས་ འགལ་སོ་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ ཟླ་༨ པའི་ཚེས་༢༩ ལུ་ ལས་འཛིན་གྱི་ ཐོབ་བརྗོད་ཚོགས་ཆུང་གི་བཀོད་རྒྱ་དང་འཁྲིལ་ ཡོངས་ཁྱབ་འཛིན་སྐྱོང་པ་དང་ ཡོངས་ཁྱབ་འཛིན་སྐྱོང་འོགམ་གཉིས་ཀྱིས་ ཐུག་རྐྱེན་བྱུང་སའི་ས་ཁོངས་ནང་སོང་སྟེ་ ཞིབ་དཔྱད་འབད་དེ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཐུག་རྐྱེན་བྱུང་བའི་སྐབས་ ཁྲིམས་སྲུང་འགག་སྡེ་ལས་ ངེས་པར་དུ་ སྙན་ཞུ་དགོཔ་ཨིན་རུང་ ཐོབ་ལམ་ཚུ་བྱིན་བཏང་ནུག་ཟེར་ཨིནམ་ད་ ཉེན་བཅོལ་ཐོབ་ལམ་དེ་ཡང་ སྣུམ་འཁོར་གྱི་ཤེལ་ལུ་ དངུལ་ཀྲམ་༡༠༦,༣༤༦ དང་ ལས་མིའི་གླ་ཆ་དངུལ་ཀྲམ་༡༡༠,༠༠༠ དེ་ལས་ གྱིབ་ཆས་ཀྱི་དོན་ལུ་ དངུལ་ཀྲམ་༡༠,༢༠༠ ཚུ་བརྩིས་ཏེ་ དྲུང་ཆེན་བགྲེསཔ་གི་མིང་ཐོ་ཁར་ དངུལ་ཀྲམ་༣༡༠,༢༢༣ དངུལ་འཛིན་ཅེག་གི་ཐོག་ལས་ བྱིན་ཡོདཔ་ཨིན་པས།
ཨིན་རུང་ ཞིབ་དཔྱད་འགོ་དཔོན་ ཨོ་རྒྱན་རྣམ་གྲོལ་གྱིས་ དངུལ་ཀྲམ་༨༣,༦༧༧ དེ་ སྣུམ་འཁོར་གྱི་ཅ་ཆས་ལ་ལོ་ ལས་འཛིན་གྱི་ སྒྲིག་གཞི་གིས་ འགབ་མ་ཚུགསཔ་ལས་ བཏོགས་བཏང་པའི་ཤུལ་ལས་ དྲུང་ཆེན་བགྲེསཔ་གིས་ ལྷག་ལུས་དངུལ་ཀྲམ་ཚུ་ ཐོབ་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དྲུང་ཆེན་བགྲེསཔ་དང་ བཀོད་ཁྱབ་མདོ་ཆེན་༢ བླམ་གཅིག་ལས་ཆོས་གཅིག་ཁར་ ཞུ་ནི་དེ་གིས་ དྲུང་ཆེན་ལུ་ ཆ་རོགས་འབད་བྱིན་ནུག་ཟེར་ བཀོད་ཡོད་པའི་ཁར་ བསོད་ནམས་རྡོ་རྗེ་ལུ་ སྣུམ་འཁོར་དེ་གི་ ཉེན་བཅོལ་ཡར་སེང་འབད་བྱིན་མི་དང་ འོག་ལས་ལཱ་འབད་མི་ཚུ་ལུ་ སྣུམ་འཁོར་ཞིབ་དཔྱད་ག་ནི་ཡང་མ་འབད་བར་ སྣུམ་འཁོར་གྱི་ཉེན་བཅོལ་ ཡར་སེང་འབད་བཅུག་པའི་ ཉེས་འཛུགས་ཚུ་ འབད་ཡོདཔ་ཨིན་པས།
ཡོངས་ཁྱབ་འཛིན་སྐྱོང་པ་ པ་སངས་དབང་འདུས་ལུ་ ཞིབ་དཔྱད་འགོ་དཔོན་ ཨོ་རྒྱན་རྣམ་གྲོལ་ལུ་ ཐོབ་བརྗོད་ཚུ་ བདེ་སྒྲིག་འབད་ནིའི་དོན་ལུ་ དངུལ་གྱི་འབྱོར་འཛིན་སྟོངམ་འབག་བཅུག་པའི་ཁར་ ཐོབ་བརྗོད་ཚོགས་ཆུང་ནང ཐོབ་ལམ་དེ་གི་དོན་ལུ་ སྡོང་ཟླ་འབད་བའི་ ཉེས་འཛུགས་འབད་དེ་ཡོདཔ་ཨིན་པས།
ཨོ་རྒྱན་རྣམ་གྲོལ་དེ་ གཡོ་སྒྱུ་དང་རྫུས་བཟོའི་ ཉེས་འཛུགས་འབད་ཡོདཔ་ད་ ཁོ་གིས་ དངུལ་གྱི་འབྱོར་འཛིན་སྟོངམ་ལེན་མི་ལུ་ཡང་ ཉེས་འཛུགས་འབད་དེ་ཡོདཔ་ད་ ཁོ་ཡང་ ཐོབ་བརྗོད་ཚོགས་ཆུང་གི་ འཐུས་མི་ཅིག་ཨིན་པས།
ལས་འཛིན་གྱི་ལས་བྱེདཔ་ སངས་རྒྱས་རྡོ་རྗེ་དེ་ ཚོགས་ཆུང་གིས་ གྲོས་ཐག་བཅད་མི་ལུ་ ལག་རྟགས་བཀོད་ཡོདཔ་ལས་ ཁོ་ལུ་ཡང་ སྡོང་ཟླ་དང་ཕན་གྲོགས་འབད་བའི་ ཉེས་འཛུགས་འབད་ཡོདཔ་ད་ དྲུང་ཆེན་བགྲེསཔ་དེ་ ཐོབ་བརྗོད་ཀྱི་དོན་ལུ་ ཡིག་ཆ་རྫུས་མ་བྱིན་ཡོདཔ་ལས་ གཡོ་སྒྱུའི་ཉེས་འཛུགས་ འབད་ཡོདཔ་ཨིན་པས།
དར་དཀརཔ་སྣུམ་འཁོར་བཅོ་ཁང་གི་ཇོ་བདག་ ཡོན་ཏན་ཕུན་ཚོགས་ལུ་ འབྱོར་འཛིན་སྟོངམ་བྱིན་མི་ལུ་བརྟེན་ ཁོ་ལུ་ཡང་ སྡོང་ཟླ་དང་ཕན་གྲོགས་འབད་བའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ དྲུང་ཆེན་བགྲེསཔ་ དྲགོས་ཤེས་རབ་རྒྱལ་མཚན་དེ་ ཚོགས་པའི་གཙོ་འཛིན་འོགམ་སྦེ་ གདམ་འཐུ་འབད་ཡོདཔ་ད་ ཁ་ཙ་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་བཤེར་བཙུགས་མི་དེ་གིས་ དོན་མེད་ཀྱི་ ཚ་གྱང་ཡོད་ལུགས་ཚུ་ བཀོད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *