ཉེན་ཁ་གསརཔ་ སྒོའི་རྩ་བར་ལྷོད་ཡོདཔ།

༉ ད་ལྟོའི་གནས་སྟངས་ལུ་བལྟ་བ་ཅིན་ རྒྱལ་ཁབ་ནང་ ཉིན་བསྟར་བཞིན་དུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མིའི་གནད་དོན་ཚུ་ ཡར་སེང་འགྱོ་དོ་ཡོད་པའི་ཁར་ མི་སྡེ་ཚུ་ནང་ལས་ཡང་ གནད་དོན་གསརཔ་ ལེ་ཤ་ཅིག་ར་ ཐོནམ་ཨིན་མས།

དེ་བཟུམ་སྦེ་ ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་འབད་རུང་ ཀོ་བིཌ་-༡༩ ལུ་བརྟེན་པའི་གནས་སྟངས་དེ་ ཚད་འཛིན་འབད་མ་ཚུགས་པར་ ཚབས་ཆེན་ཅིག་ལུ་ གྱུར་ཏེ་འདུག།

ད་རེས་ ལུང་ཕྱོགས་ནང་ ཀོ་བིཌ་-༡༩ འི་ ནད་འབུབ་གསརཔ་ཐོན་མི་དེ་ ཁྱད་རྣམ་མ་འདྲཝ་སྦེ་ཡོདཔ་མ་ཚད་ རླུང་མ་ནང་ མགྱོགས་དྲགས་སྦེ་ ཁྱབ་སྤེལ་འགྱོ་དོ་ཡོད་པའི་ ངོས་འཛིན་བྱུང་ནི་དེ་གིས་ ནད་ཡམས་ཚད་འཛིན་འབད་ནིའི་ གསང་ལྟ་དང་ འཛིན་སྐྱོང་ལམ་ལུགས་ཚུ་ ལྷག་པར་དུ་ ལེགས་བཅོས་འབད་དགོཔ་འདུག།

མ་གཞི་ ད་ལྟོ་ཚུན་ བཀག་འཛིན་ལམ་ལུགས་ཚུ་ སྒྲིང་སྒྲི་སྦེ་ར་ ལག་ལེན་འཐབ་སྟེ་ཡོད་རུང་ ད་ལྟོའི་ ནད་འབུབ་གསརཔ་དེ་ ཉེན་ཁ་ཅན་དང་ ཁྱབ་སྤེལ་མགྱོགས་དྲགས་སྦེ་ འགྱོ་མི་ཅིག་ཨིནམ་ལས་ སྤྱིར་བཏང་མི་མང་གིས་ སེམས་བག་ཡེངས་ཤོར་དོ་ཡོད་པའི་ ཚོར་སྣང་བྱུང་མི་ལུ་བརྟེན་ ནད་ཡམས་བཀག་འཛིན་གྱི་ ཐབས་ལམ་ཚུ་ ད་རུང་ ཧེང་སྐལ་ར་ སྒྲིང་སྒྲི་བཏོན་དགོ་པའི་ བསམ་འཆར་བཀོདཔ་ཨིན་མས།

ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་ ཚད་འཛིན་འབད་ནིའི་དོན་ལུ་ འགྲོ་འགྲུལ་བཀག་དམ་འབད་མི་དེ་གིས་ མི་མང་ཤོས་ཅིག་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ད་ ས་མཚམས་ཁྲོམ་སྡེ་ཚུ་ནང་ འགྲོ་འགྲུལ་བཀག་དམ་ ཡུན་འགྱངས་འབད་མི་དང་བསྟུན་ རྒྱལ་ས་ཐིམ་ཕུག་ལུ་ཡང་ ནད་ཡམས་ཀྱི་ཉེན་འཚུབས་ ཆེ་སུ་སྦེ་ར་ འོང་དོ་ཡོདཔ་ལས་ ནམ་འབད་རུང་ འགྲོ་འགྲུལ་བཀག་དམ་འབད་ནིའི་ དུས་སྐབས་འབྱུང་སྲིད་ནི་ཨིན་མས།

ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཁྲོམ་ཁར་སྡོད་མི་ཚུ་ སེམས་སྡུག་དང་ ཚ་གྱང་ལང་དོ་ཡོདཔ་ལས་ མི་མང་ཤོས་ཅིག་གིས་རང་ ཉེ་བར་མཁོ་བའི་ བཟའ་འཐུང་གི་རིགས་ཚུ་ མཁོ་སྒྲུབ་འབད་དོ་ཡོདཔ་ཨིན་མས།

སྤྱིར་བཏང་མི་མང་གིས་ ཚ་གྱང་ལང་མི་དང་བསྟུན་ རང་གཞན་གཉིས་ཆ་རའི་དོན་ལུ་ ནད་ཡམས་སྔོན་འགོག་གི་ཐབས་ལམ་ དཔྱེ་འབད་བ་ཅིན་ ཁ་རས་སྤུབས་ནི་དང་ བར་ན་ས་སྟོང་བཞག་ནི་ དེ་ལས་ སྤུངས་འཛོམས་འབད་ནི་ལས་ ག་དེས་དྲག་དྲག་ འཛེམ་དགོཔ་འདུག།

ད་ལྟོའི་གནས་སྟངས་ནང་ ཁྲོམ་ཁར་འགྱོ་བལྟ་བ་ཅིན་ ཚོང་ཁང་ཚུ་ནང་ ཚོང་མགྲོན་པ་ལེ་ཤ་འོང་དོ་ཡོདཔ་མ་ཚད་ ལགཔ་འཁྱུ་སའི་ མཐུན་རྐྱེན་ཚུ་མེད་པའི་ཁར་ ཐ་ན་ འབྲུག་ཊེ་རེསི་ལག་ལེན་འཐབ་མི་ཡང་མེད་པར་ སེམས་བག་ཡེངས་ཤོར་ཏེ་ཡོདཔ་ད་ གལ་སྲིད་ མི་སྡེའི་ནང་ལས་ ནད་འབུབ་ཐོབ་ཅིག་འཐོན་པ་ཅིན་ ཡུདཔ་ཐེངས་ཅིག་ནང་ར་ སྤང་མེ་ཤོར་དོ་བཟུམ་སྦེ་ ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་སྦོམ་འདུག།

རྒྱུ་མཚན་འདི་ལུ་བརྟེན་ དམིགས་བསལ་གྱི་ མཁས་མཆོག་སྡེ་ཚན་ཚུ་གིས་ རྒྱལ་ཁབ་མཐའ་དབུས་མེད་པར་ ནད་ཡམས་སྔོན་འགོག་དང་ ཚད་འཛིན་གྱི་ཐབས་ལམ་བཏོན་མི་ཚུ་ ད་རུང་ སྒྲིང་སྒྲི་སྦེ་ར་ ལག་ལེན་འཐབ་དགོཔ་འདུག།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *