༉ བསམ་རྩེ་ སྒོམ་ཀྲུ་ དཔལ་ལྡན་རྩི་ས་དབང་འཛིན་གྱི་ ལས་བྱེདཔ་༡༣༠ གིས་ ལོ་ངོ་༡ ལྷག་ཙམ་ ལཱ་འབད་ཡོད་རུང་ ད་ལྟོ་ཡང་ གཏན་འཇགས་ཀྱི་ ལས་བྱེདཔ་སྦེ་ མ་བཟོཝ་ཨིན་པས།
དཔལ་ལྡན་རྩི་ས་དབང་འཛིན་གྱིས་ ཁོང་ལས་བྱེདཔ་ཚུ་ ཉིན་འཐུས་ཐོག་ལུ་ ལཱ་འབད་བཅུག་སྟེ་ རྒྱལ་ཡོངས་ལས་མིའི་གྲངས་སུ་ བཙུགས་ཡོདཔ་ཨིན་པས།
འབྲུག་གི་ལས་མི་དང་ ལཱ་གཡོག་བཅའ་ཁྲིམས་༢༠༠༧ ཅན་མའི་ ལེའི་༥ པའི་དོན་ཚན་༥༢ པ་ དང་འཁྲིལཝ་ད་ ལཱ་གཡོག་བྱིན་མི་ཅིག་གིས་ ལས་མི་ཅིག་ ལོ་ངོ་གཅིག་ལས་ལྷག་སྟེ་ གླ་འཐུས་ཐོག་ལུ་ ལཱ་བཀོལ་བ་ཅིན་ ལས་མི་དེ་ ལཱ་གཡོག་གི་ཁག་འབག་དང་འཁྲིལ་ བཙུགས་དགོཔ་སྦེ་ཡོདཔ་ཨིན་པས།
ཨིན་རུང་ རྒྱལ་ཡོངས་ལས་མི་གི་འོག་ལས་ ལས་བྱེདཔ་ལ་ལོ་ཅིག་ ལོ་ངོ་༡༠ ལྷགཔ་སྦེ་ ལཱ་འབད་ཡོད་རུང་ ད་ལྟོའི་བར་ན་ཡང་ གཏན་འཇགས་ཀྱི་ ལཱ་གཡོགཔ་གྲངས་སུ་ མ་ཚུདཔ་མ་ཚད་ ལཱ་གཡོག་གི་ ཐོབ་ཐངས་ཚུ་ཡང་ མེད་པར་འདུག།
གསང་བའི་ཐོག་ལས་ ཉིན་འཐུས་ཐོག་ལཱ་འབད་མི་ གནས་ཚུལ་བཤད་མི་ཅིག་གིས་ སླབ་མིའི་ནང་ དཔལ་ལྡན་རྩི་ས་དབང་འཛིན་གྱིས་ ཁོ་གཡོག་ནང་བཙུགས་ཏེ་ ལོ་༡༠ དེ་ཅིག་ སོང་ཡོདཔ་སྦེ་ཨིན་པས།
དངུལ་ཕོགས་ཡར་སེང་འབད་བའི་སྐབས་ལུ་ རྒྱལ་ཡོངས་ལས་མི་གླ་ཆ་ ཡར་སེང་འགྱོ་མི་དང་འཁྲིལ་ཏེ་ ཡར་སེང་འབད་ཡོདཔ་མ་གཏོགས་ གཞན་ག་ཅི་ཡང་ ཐོབ་སྲོལ་མེད་པའི་ཁར་ ཁོ་ད་ལྟོ་ཡང་ གཏན་འཇགས་ཀྱི་ ལཱ་གཡོགཔ་སྦེ་ མ་ཐོབ་ཨིན་པས།
ཉིན་འཐུས་ཐོག་ལས་ ལཱ་འབད་མི་ཚུ་ ད་ལྟོ་ རྒྱལ་ཡོངས་ལས་མི་གླ་ཆ་ ཡར་སེང་འགྱོ་ནི་དེ་གིས་ ཉིནམ་རེ་ལུ་ དངུལ་ཀྲམ་༢༡༥ རེ་ཐོབ་དོ་ཡོདཔ་ད་ དེ་གི་ཧེ་མར་ ཉིནམ་རེ་ལུ་ དངུལ་ཀྲམ་༡༧༥ རེ་དང་ དེ་གི་ཧེ་མ་འབདབ་ཅིན་ རྒྱལ་ཡོངས་ལས་མི་གླ་ཆ་ དངུལ་ཀྲམ་༡༣༠ རེ་ ཐོབ་དོ་ཡོདཔ་ཨིན་པས།
ཁོ་གིས་ ཐོབ་མི་གླ་ཆ་དེ་གིས་ ལང་ཚུགས་མ་ཚུགས་ཅིག་མ་གཏོགས་ མ་འོངས་པའི་དོན་ལུ་ གསོག་འཇོག་ག་ཅི་ཡང་ འབད་མི་ཚུགས་པས་ཟེར་ཨིན་པས།
ཉིན་འཐུས་ཐོག་ ལཱ་འབད་མི་ ལས་བྱེདཔ་ཚུ་ རེས་གཟའ་ཟླཝ་དང་ གཞུང་གི་ངལ་གསོ་ དེ་ལས་ ངལ་གསོ་སྡོད་པའི་སྐབས་ལུ་ ཐོབ་ཐངས་མེདཔ་ལས་ ཁོང་ར་ལཱ་འབད་བར་འོང་པའི་སྐབས་མ་གཏོགས་ གླ་འཐུས་ཚུ་ ཐོབ་སྲོལ་མེདཔ་ཨིན་པས།
དཔལ་ལྡན་རྩི་ས་དབང་འཛིན་གྱིས་ ཉིན་འཐུས་ཐོག་ལས་ ལཱ་འབད་མི་ ལས་བྱེདཔ་ཚུ་གི་ ཁག་འབག་ཡིག་ཆ་དེ་ ཟླ་ངོ་༣ གྱི་བར་ན་ ཚར་རེ་ བསྐྱར་གསོ་འབད་དོ་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ཉིན་འཐུས་ཐོག་ལས་ལཱ་འབད་མི་ ལས་བྱེདཔ་ཅིག་དང་འབྲེལ་བ་འཐབ་པའི་སྐབས་ ཁོ་གིས་འབད་བ་ཅིན་ ཟླ་ངོ་གསུམ་གྱི་བར་ན་ ཁག་འབག་ཡིག་ཆ་ཚར་རེ་ བསྐྱར་གསོ་འབད་མི་དེ་གིས་ ཁོང་ལས་བྱེདཔ་གསརཔ་གི་གྲངས་སུ་ ཚུད་དོ་བཟུམ་ཅིག་ཨིན་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཙོ་རིམ་ཅན་གྱི་ལཱ་ཚུ་ག་ར་ ཉིན་འཐུས་ཐོག་ལུ་འབད་མི་ཉམས་མྱོང་ཅན་ཚུ་ལུ་ འབད་བཅུག་དོ་ཡོད་རུང་ གླ་འཐུས་ཡར་སེང་དང་ ཐོབ་ཐངས་ དེ་ལས་ གོ་གནས་ཡར་སེང་ཚུ་ ག་ཅི་ཡང་ བྱིན་སྲོལ་མེད་ཟེར་ཨིན་པས།
དཔལ་ལྡན་རྩི་ས་དབང་འཛིན་གྱིས་ ཉིན་འཐུས་ཐོག་ལས་ ལཱ་འབད་མི་ཚུ་ལུ་ སྡོད་ཁྱིམ་བྱིན་དོ་ཡོདཔ་ལས་ དེ་གིས་སྦེ་ ཕན་ཐོགས་བྱུང་སྟེ་ ཡོད་ཟེར་ཨིན་པས།
དཔལ་ལྡན་རྩི་ས་དབང་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ སྐལ་བཟང་ཚེ་རིང་གིས་ བཤད་མི་དང་འཁྲིལཝ་ད་ ད་ལྟོ་ འཛིན་སྐྱོང་གི་ཁ་ཐུག་ལས་ འབད་མི་དེ་ ད་ལྟོ་ཡོད་པའི་ ལམ་ལུགས་དང་ སྒྲིག་གཞི་ཚུ་ལས་ འགལ་བ་ཨིན་རུང་ དེ་འཕྲོ་ལས་ བསྒྱུར་བཅོས་འབད་བ་ཅིན་ དེ་གིས་ ལས་བྱེདཔ་དང་ ཡང་ཅིན་ འཛིན་སྐྱོང་པ་ལུ་ ཐོ་ཕོག་འོང་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ འཛིན་སྐྱོང་གི་ཁ་ཐུག་ལས་ ལས་མི་དང་ ལཱ་གཡོག་བཅའ་ཁྲིམས་དང་འཁྲིལ་ འབད་བ་ཅིན་ ལས་བྱེདཔ་ཚུ་ གཏན་འཇགས་ཀྱི་ ལས་བྱེདཔ་གྲངས་སུ་ བཙུགས་ནི་དང་ ཡང་ཅིན་ ཁོང་བཏོན་བཏང་དགོ་པའི་ གནས་སྟངས་ཡང་ བྱུང་སྲིད་ནི་མས་ཟེར་ཨིན་པས།
བདུན་ཕྲག་༣ གྱི་རིང་ ལས་སྡེ་གོང་འཕེལ་གྱིས་ ལས་སྡེ་ནང་ ལས་བྱེདཔ་ག་ཅི་བཟུམ་དགོཔ་ཨིན་ན་ཚུ་ དབྱེ་ཞིབ་འབད་དོ་ཡོདཔ་ལས་ ག་དེམ་ཅིག་སྦེ་ ལས་བྱེདཔ་བཙུགས་དགོཔ་ཐོན་པ་ཅིན་ མི་མང་ཡོངས་ལུ་ གོ་སྐབས་བྱིན་ནི་ཨིནམ་ལས་ ཉིན་འཐུས་ཐོག་ལས་ ལཱ་འབད་མི་ཚུ་གིས་ཡང་ བཅའ་མར་གཏོགས་ཆོག་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་ བཤད་ཅི།
དཔལ་ལྡན་རྩི་ས་དབང་འཛིན་གྱིས་ ལཱ་གཡོག་གི་གོ་སྐབས་དེ་ མི་མང་ལུ་ གསལ་བསྒྲགས་འབད་བའི་ཤུལ་ལུ་ དགོས་མཁོ་ཡོད་མི་ཚུ་ གདམ་འཐུ་འབད་ནི་ཟེར་ཨིན་པས།
རྫས་སྦྱོར་གྱི་ལཱ་འབད་མི་ཚུ་ ཉིན་འཐུས་ཐོག་ལས་ ལཱ་འབད་མི་སྦེ་ར་ བཞག་ནི་ཨིན་མི་དེ་ཡང་ རྫས་སྦྱོར་གྱི་ལཱ་དེ་ འབད་དགོཔ་ལེ་ཤ་མེདཔ་ལས་ གནས་སྟངས་དང་འཁྲིལ་ སྒོ་བསྡམ་དགོཔ་ཐོན་འོང་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་བཤདཔ་ཨིན་པས།
རྫས་སྦྱོར་ནང་ལཱ་འབད་མི་ཚུ་ ལཱ་ཡོད་པའི་སྐབས་སུ་ འོང་དོ་ཡོདཔ་ཨིན་རུང་ ལཱ་མེད་པའི་སྐབས་ལུ་ ངལ་གསོ་སྦེ་ སྡོད་དོ་ཡོདཔ་ཨིན་པས།
ལུང་ཕྱོགས་ལས་མི་ འགོ་དཔོན་དང་གཅིག་ཁར་ གཏན་འཇགས་ལཱ་གཡོག་གི་སྐོར་ལས་ དྲི་ཞིབ་འབད་བའི་སྐབས་ ཁོང་གིས་ ད་ལྟོ་ ལྟ་རྟོག་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ལས་བྱེདཔ་ཚུ་ གཏན་འཇགས་ཀྱི་ལས་བྱེདཔ་སྦེ་ མ་བཟོ་མི་དང་ ཟླ་ངོ་༣ གྱི་བར་ན་ ལཱ་གཡོག་ཁག་འབག་ཡིག་ཆ་ བསྐྱར་གསོ་འབད་མི་དེ་ ཁྲིམས་འགལ་ཨིནམ་སྦེ་ ལས་མི་མདོ་ཆེན་ བསོད་ནམས་དབང་འདུས་ཀྱིས་ བཤད་ཅི།
བསོད་ནམས་དབང་འདུས་ཀྱིས་ དཔལ་ལྡན་རྩི་ས་དབང་འཛིན་གྱི་ འཛིན་སྐྱོང་མདོ་ཆེནདང་འབྲེལ་བ་འཐབ་པའི་སྐབས་ ད་ལྟོ་ ལས་སྡེ་གོང་འཕེལ་སྦྱོང་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ལས་ ཁོང་གིས་ དུས་ཚོད་དུམ་གྲ་ཅིག་ ལེན་ཏེ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།