ཉིན་བསྟར་བཞིན་དུ་ ལུས་འབྲེལ་ལས་སྤེལ་བའི་ནད་གཞི་ཐོབ་མི་༡༣ དེ་རེ་ ཐོ་བཀོད་འབད་དོ་ཡོདཔ།

༉ ལོ་བསྟར་བཞིན་དུ་ རྒྱལ་ཁབ་ནང་འཁོད་ཀྱི་ གསོ་བའི་ཞབས་ཏོག་ལྟེ་བ་ཚུ་ནང་ ལུས་འབྲེལ་ལས་སྤེལ་བའི་ ནད་གཞི་ཐོབ་མི་༥༠༠༠ དེ་ཅིག་ ཐོ་བཀོད་འབད་དོ་ཡོདཔ་སྦེ་ཨིནམ་ད་ དེ་ཡང་ ཉིན་བསྟར་བཞིན་དུ་ ནད་གཞི་ཐོབ་མི་༡༣ དེ་རེ་ བརྩིས་ཏེ་ཨིན་པས།
དེ་ནང་ལས་ མང་ཤོས་ར་ བསེམོ་དང་ གྲང་བ་ཚུ་ཨིན་པས།
སྤྱི་ལོ་༢༠༡༩ ལོའི་ ལོ་བསྟར་གསོ་བའི་ གནས་ཐོ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༨ ལུ་ མི་འབོར་༡༠,༠༠༠ རེ་ལས་༥༤ ལུ་ ལུས་འབྲེལ་ལས་སྤེལ་བའི་ ནད་གཞི་ཐོབ་ཡོད་མི་དེ་ ཧེ་མའི་ལོ་དང་ གཅིག་མཚུངས་ཨིན་མི་དེ་ཡང་ སྤྱི་ལོ་༢༠༡༨ གྱི་ཐོ་དེ་སྤྱི་ལོ་༢༠༡༧ ལོའི་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་སྐབས་ མི་རློབས་༧༢༧,༡༤༥ ཡོད་མི་ལུ་ གཞི་བཞག་སྟེ་ཨིན་པས།
ལུས་འབྲེལ་ལས་སྤེལ་བའི་ནད་གཞི་ཐོབ་མི་ སྤྱི་ལོ་༢༠༡༤ ལུ་ མི་འབོར་༡༠,༠༠༠ རེ་ལས་༧༢ འབད་ས་ལས་ སྤྱི་ལོ་༢༠༡༥ འི་ ལོ་ནང་ མི་༩༢ ལུ་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
ཨེཆ་ཨའེ་བི་དང་ ཨེཌསི་མ་བརྩིས་པའི་ ལུས་འབྲེལ་ལས་སྤེལ་བའི་ ནད་གཞིའཐོབ་ཡོད་པའི་ཐོ་དེ་ ལོ་ངོ་༢ ནང་༩༨ མར་བབས་སོང་ཡོདཔ་ད་ བསེམོ་ཐོབ་མི་དེ་ སྤྱི་ལོ་༢༠༡༧ ལུ་༩༣ ཡོད་ས་ལས་ ན་ཧིང་༢༠༡༩ ལུ་ ལོག་ལྟབ་ཀྱིས་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ བསེམོ་ཐོབ་མི་༢༠༡ འབད་ས་ལས་ མང་ཤོས་ར་ སྐྱེས་ལོ་༡༥ ལས་༤༩ འི་བར་ན་འབད་མི་ གཞོན་སྐྱེས་ཚུ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མཚན་མའི་རྨ་ ཨཱལ་སར་ཐོབ་མི་༢༤༣ ཐོ་བཀོད་འབད་ཡོད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་༨༡ དེ་ཅིག་ ཡར་སེང་སོང་ཡོདཔ་ད་ དེ་ནང་ལས་སྐྱེས་ལོ་༡༥ ལས་༤༩ བར་ན་འབད་མི་༡༨༩ ཨིནམ་ད་༣༠༩ ལུ་ མཆིན་ཚད་ཧེ་པ་ཊའི་ཊིས་བི་ ཐོབ་ཡོད་པའི་ སྙན་ཞུ་འབད་ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མཚན་མའི་རྨ་ཡོད་མི་ ནདཔ་ཉུང་སུ་ཅིག་ལས་བརྒལ་ འོང་ནི་མེད་མི་དེ་ཡང་ རྨ་དེ་ ན་ཟུག་མེདཔ་ལས་ མ་ཚོར་ནི་དེ་གིས་ ཨིན་ཟེར་ཨིན་པས།
འདས་པའི་ལོ་༢ ནང་ མཚན་དོང་དང་ མོ་མཚན་ནང་ སྟབས་མ་བདེ་བའི་གནད་དོན་༨༩༠ ལུ་ ཡར་སེང་སོང་ཡོདཔ་ད་ དེ་ཚུ་ག་ར་ ལུས་འབྲེལ་ལས་སྤེལ་བའི་ ནད་གཞི་མེན་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ གསོ་བའི་ལྟེ་བ་ཚུ་ནང་ མཚན་དོང་དང་ མོ་མཚན་ནང་ སྟབས་མ་བདེ་བའི་གནད་དོན་༣,༦༡༧ དང་ ཨེཆ་ཨའེ་བི་ཨེཌསི་མ་བརྩི་བར་ ལུས་འབྲེལ་ལས་སྤེལ་བའི་ནད་གཞི་ཐོབ་མི་༡,༠༣༨ ཐོ་བཀོད་འབད་ཡོདཔ་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ལོ་བསྟར་སྙན་ཞུ་༢༠༡༨ ཅན་མའི་ནང་ མི་༡༦,༥༡༧ དང་ དཔེ་ཚད་༣,༠༨༠ དེ་ ཊི་པི་ཨེཆ་ཨེ་དང་ ཨར་པི་ཨར་བརྟག་ཞིབ་འབད་བའི་སྐབས་ ཊིཔི་ཨེཆ་ཨེ་ཡོད་མི་༨༥༩ དང་ ཨར་པི་ཨར་༨༤༢ ཐོན་ཡོདཔ་ཨིན་པས།
ཨིན་རུང་ སྨན་ཁབ་བཙུགས་པའི་ ཐོ་བཀོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༨ ལུ་ ལུས་འབྲེལ་ལས་སྤེལ་བའི་ ནད་བཀག་གི་སྨན་ཁབ་བེན་ཟི་ཐཱན་ པེན་སི་ལེན་དེ་ མི་༦༨༨ རྐྱངམ་གཅིག་ རྐྱབ་ཡོད་མི་དེ་ཡང་ འདས་པའི་བརྟག་ཞིབ་སྐབས་ ངེས་བདེན་ཐོན་ཡོད་མི་ཚུ་ ཡང་བསྐྱར་ཞིབ་དཔྱད་འབད་མི་ལུ་བརྟེན་ཨིནམ་སྦེ་ སྙན་ཞུ་ནང་བཀོད་ཡོདཔ་ཨིན་པས།
ན་ཧིང་ མི་༤༤༥ ལུ་ མཚན་དོང་གི་ བརྟག་ཞིབ་འབད་བའི་སྐབས་ དཔེ་ཚད་༣༤༠ གྲང་བ་འཐོབ་ནིའི་རྒྱུ་རྐྱེན་གྱི་ ནད་འབུབ་ཡོདཔ་སྦེ་ བདའ་ཟུན་ཡོདཔ་ཨིན་པས།
ལོ་བསྟར་བཞིན་དུ་ མཚན་དོང་གི་ ནད་གཞི་ཡོད་མི་ནདཔ་༡,༢༡༢ སྨན་བཅོས་འབད་དོ་ཡོདཔ་ད་ དེ་ཚུ་ཡང་ ནད་གཞི་ངེས་བདེན་ཐོབ་མི་དང་ ཕོ་མོ་༢ ཆ་ར་ སྨན་བཅོས་འབད་མི་ དེ་བཟུམ་སྦེ་ མཚན་དོང་བརྟག་དཔྱད་འབད་མི་ཚུ་ཨིན་པས།
འཛམ་གླིང་གསོ་བའི་ལས་ཚོགས་དང་འཁྲིལཝ་དང་ ལུས་འབྲེལ་ལས་སྤེལ་བའི་ནད་གཞི་ བསེམོ་དེ་ ཨེཆ་ཨའེ་བི་འཐོབ་ནི་ལུ་ ཨའི་ལས་ཨ་ལོ་ལུ་འབུ་ནི་ལས་ གསུམ་ལྟབ་ཀྱིས་ ཉེན་ཁ་ཡོདཔ་ད་ ཨའི་ལས་ཨ་ལོ་ལུ་ འབུ་མི་ལུ་བརྟེན་ ཨ་ལོ་ཤི་སྟེ་སྐྱེ་ནི་དང་ གསར་སྐྱེས་ཤི་ནི་ ལྗིད་ཚད་མ་ལང་པར་སྐྱེ་ནི་ དེ་ལས་ ཟླཝ་མ་ཚང་པར་སྐྱེ་ནི་ གློ་ཚད་ན་ནིའི་ ཉེན་ཁ་ཡོདཔ་སྦེ་ཨིན་པས།
རྒྱལ་ཡོངས་ཨེཆ་ཨའེ་བི་དང ཨེས་ཊི་ཨའེ་ཚད་འཛིན་གྱི་ ལས་རིམ་འཛིན་སྐྱོང་པ་ ལེགས་སྐྱིད་མཁའ་འགྲོ་གིས་ སླབ་མིའི་ནང་ ཨེས་ཊི་ཨའི་རྐྱངམ་གཅིག་ ཚད་འཛིན་འབད་ནིའི་ དམིགས་གསལ་ཐབས་ལམ་མེད་ཟེར་ཨིནམ་ད་ ཨེཆ་ཨའེ་བི་བཀག་ནིའི ལས་རིམ་གྱིས་ ཨེས་ཊིཨའེ་ཚད་འཛིན་འབད་དོ་ཟེར་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ བཀག་ཐབས་འབད་ནི་ཚུ་ཡང་ གོ་བརྡའི་ལས་རིམ་དང་ མི་སྡེ་ནང་འབྲེལ་བ་འཐབ་ནི་ བརྡ་བྱང་སྦྱར་ནི་ མི་སྡེ་བརྡ་བརྒྱུད་ཐོག་ལས་ གོ་བརྡ་སྤེལ་དོ་ཟེར་ཨིནམ་ད་ མི་རློབས་མངམ་ཡོད་ས་དང་ ནད་གཞི་འཐོབ་ནིའི་ ཉེན་ཁ་ཆེ་བའི་ ས་གནས་ནང་ གཞི་རྟེན་སྨན་ཁང་ཐོག་ལས་ གོ་བརྡ་སྤེལ་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ མཐའ་ཟུར་གྱི་ས་གནས་ནང་ ཨ་ལོ་སྐྱེ་ནི་ཡོད་པའི་ཨམ་སྲུ་དང་ མི་གཞན་ཚུ་ལུ་ གྲྭ་ཚང་དང་ དམག་སྡེའི་ རྒྱབ་སྐྱོར་ཐོག་ལས་ གོ་བརྡ་སྤེལ་དོ་ཟེར་ཨིན་པས།
གསོ་བའི་ལྷན་ཁག་གི་ཁ་ཐུག་ལས་ ནད་གཞི་བཀག་ཐབས་འབད་ནིའི་དོན་ལུ་ ཨེཆ་ཨའེ་བི་དང་ ཨེས་ཊི་ཨའེ་བརྟག་དཔྱད་འབད་ནི་དང་ བརྡ་དོན་སྤེལ་ནི་ དེ་ལས་ ཕོ་མཚན་ཤུབས་བཀྲམ་སྤེལ་འབད་ནི་ཚུ་ཨིན་པས།
ཨེས་ཊི་ཨའེ་ནད་གཞི་དེ་ ཐབས་ལམ་ཚུ་ ཚུལ་མཐུན་ལག་ལེན་འཐབ་པ་ཅིན་ བཀག་ཐབས་འབད་ཚུགས་པའི་ ནད་གཞི་ཨིནམ་བཞིན་དུ་ ག་ར་འབད་རུང་ དུས་མཐུན་བརྟག་ཞིབ་འབད་དེ་ དང་ལེན་ཚུལ་མཐུན་འབད་དགོཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *