སེམས་གསོ་གསོལ་རས་ཐོབ་མི་ ཉམས་རྒུདཔ་སོ་ནམ་པ་ཚུ།

ཉམས་རྒུདཔ་༡༩ ལུ་ དངུལ་རྐྱང་གི་ སེམས་གསོ་གསོལ་རས་ གནང་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་ཚབ་སྦེ་ ལྷུན་རྩེ་རྫོང་བདག་ འཇམ་དཔལ་དབང་ཕྱུག་གིས་ འདས་པའི་ཟླཝ་ནང་ ལྷུན་རྩེ་ ཤ་ཝ་གཡུས་ཚན་ནང་ ཆུ་རུད་ཀྱིས་ ས་ཞིང་འཕྱགས་བདའ་ཡོད་མི་ ཉམས་རྒུདཔ་༡༩ ལུ་ སེམས་གསོ་གསོལ་རས་གནང་ཡི།
ཉམས་རྒུདཔ་ཚུ་ལུ་ སེམས་གསོ་གསོལ་རས་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༠.༦ གནང་ཡོདཔ་ཨིན་པས།
རྫོང་བདག་གིས་ སླབ་མིའི་ནང་ མི་དབང་མཆོག་གིས་ ཐུགས་ཀྱི་བརྩེ་བ་གཟིགས་ཏེ་ སེམས་གསོ་གསོལ་རས་གནངམ་ད་ མི་སེར་ཚུ་གིས་ སྐལ་བ་བཟང་ནུག་ཟེར་ མནོ་བསམ་ཐེབས་བཏང་སྟེ་ ད་ལས་ཕར་ ལཱ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དགོ་ཟེར་ཨིན་པས།
སྐྱེས་ལོ་༤༠ ལང་མི་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ མི་དབང་མཆོག་གིས་ ཉམས་རྒུདཔ་ཚུ་ལུ་ ཐུགས་བརྩེའི་གསོལ་རས་གནང་མི་དེ་ལུ་ ཧིང་གི་གདིང་ལས་ར་ སེམས་དགའཝ་མ་ཚད་ མི་དབང་མཆོག་ལུ་ བཀྲིན་ག་དེ་སྦེ་ བསམ་ནི་ཨིན་ན་ཡང་ མི་ཤེས་པས་ཟེར་ཨིན་པས།
སེམས་གསོ་གསོལ་རས་དེ་ཡང་ གནོད་སྐྱོན་དང་འཁྲིལ་ དངུལ་ཀྲམ་༣,༠༠༠ ལས་༧༠,༠༠༠ གི་བར་ན་ གནང་ཡི།
རྐྱེན་ངན་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༧ གྱི་ནུབ་མོ་ ཆུ་ཚོད་ཕྱེད་དང་༡༢ དེ་ཅིག་ལུ་ ཆུ་རུད་འོང་མི་གིས་ གུང་པ་༢༠ གི་ ཆུ་ཞིང་དང་ སྐམ་ཞིང་བསྡོམས་ཨེ་ཀར་༡༧ ལྷགཔ་ཅིག་ནང་ འཛུགས་སྐྱོང་འབད་མི་འབྱ་ཚུ་ འཕྱགས་བདའ་ནུག།
ཆུ་རུད་དེ་ལུ་བརྟེན་ ཐིམ་ཡུལ་གཡུས་ཚན་གྱི་ སྤྲིང་ཟམ་དང་ ཆུ་རག་ དེ་ལས་ གླང་༤ འཕྱགས་བདའ་ཡོདཔ་ལས་ ད་རེས་ནངས་པར་ ཐིམ་ཡུལ་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ དཔེ་ཆ་ལྷབ་མི་ སློབ་ཕྲུག་དག་པ་ཅིག་ ཟམ་མེད་མི་ལུ་བརྟེན་ གནས་སྐབས་ཀྱི་ཁྱིམ་ནང་ སྡོད་དགོཔ་ཐོན་ཏེ་འདུག།
རྫོང་བདག་གིས་ སླབ་མིའི་ནང་ ཆུ་རུད་ཀྱིས་ འཕྱགས་བདའ་མི་ འཁོར་ལམ་ཉམས་བཅོས་དང་ ས་ཆ་ཨེ་ཀར་༡༢ འབད་མི་ ཆུ་ཞིང་གོང་འཕེལ་གྱི་ལས་སྣ་ཚུ་ ད་རེས་ནངས་པར་ རྫོང་ཁག་གིས་ ལཱ་འབད་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཤ་ཝ་གཡུས་ཚན་ལས་ བཀྲིས་ཕུན་ཚོགས།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *