ཉམས་རྒུད་པའི་བཟའ་ཚང་ཚུ་ དྲང་ཁྲིམས་འཐོབ་ནི་ལུ་ སྒུག་དོ་ཡོདཔ།

༉ ཟླཝ་༦ གི་ཧེ་མར་ ཕུན་ཚོགས་ཀྱི་ སྤུན་ཆ་ཆུང་ཤོས་དེ་ མོ་རའི་ བུམོ་གི་རྨགཔ་གིས་ དམར་བསད་འབད་བའི་ཤུལ་ལས་ ད་རེས་ འཁྲུན་ཆོད་བཏོན་ནི་ལུ་ སྒུག་དོ་ཡོདཔ་ཨིན་པས།

བློ་ཉུང་སུ་ཅིག་ལས་ སླབ་ནི་མེད་མི་ ཚེ་འདས་ཀྱི་ རྨགཔ་སངས་རྒྱས་ཀྱིས་ ཁོ་རའི་ ཚེ་འདས་ཨམ་སྲུའི་དོན་ལུ་ དྲང་ཁྲིམས་འཐོབ་དགོ་ཟེར་ བཤད་པའི་ཁར་ ཁོ་བཟུམ་སྦེ་ ཚེ་འདས་ཀྱི་ནང་མི་ཚུ་གིས་ཡང་ དོགས་པ་ཅན་ལུ་ ཚེ་བཙོན་བཀལ་ནིའི་ རེ་བ་བསྐྱེད་དེ་ཡོད་ཟེར་ སླབ་ཨིན་པས།

བྱ་ངན་བྱུང་སྟེ་ ཉིནམ་གཉིས་ཀྱི་ཤུལ་ལས་ ཕུན་ཚོགས་ཀྱིས་ དོགས་པ་ཆགས་ཏེ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ད་ འགོ་དང་པ་ ཤི་རྐྱེན་དེ་ རང་བཞིན་གྱི་ ཐུག་རྐྱེན་ལུ་བརྟེན་ཨིནམ་སྦེ་ བཀོད་ཡོདཔ་ཨིན་པས།

དོགས་པ་ཅན་དེ་ འཛིན་བཟུང་འབད་ཞིནམ་ལསས་ དྲི་དཔྱད་འབད་བའི་སྐབས་ བྱ་ངན་འབད་ཡོད་པའི་ ཁ་བཟེད་ཡོདཔ་ད་ ད་ལྟོ་ གནད་དོན་དེ་ ཧཱ་རྫོང་ཁག་ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཡོདཔ་ཨིན་པས།

ཕུན་ཚོགས་ཀྱིས་འབད་བ་ཅིན་ དོགས་ཅན་དེ་ལུ་ ཚེ་བཙོན་བཀལ་ཏེ་ ལྕངམ་སྒང་ལུ་ གཏང་ནི་མེདཔ་ཅིག་ འབད་དགོ་ཟེར་ཨིནམ་ད་ ལྕངམ་སྒང་ལུ་གཏང་པ་ཅིན་ ཁོ་གི་ལགཔ་ བཏོགས་བཏང་སྟེ་ ཁོ་ར་ བཙོན་ནང་འཛུལ་སྡོད་ནི་ཟེར་ཨིན་པས།

ལྕངམ་སྒང་བཙོན་ཁང་ནང་བཞག་མི་ བཙོན་པ་ཚུ་ལུ་ འོས་འབབ་མེད་པའི་ མཐུན་རྐྱེན་ཚུ་ ཐོབ་སྟེ་འདུག་ཟེར་ཨིནམ་ད་ ཧཱ་ གི་མི་སྡེ་ནང་ སྡོད་མི་ཚུ་གིས་ དོགས་ཅན་གྱིས་ བཙོན་ཁྲིམས་དེ་ ཚང་བའི་ཤུལ་ལས་ ཚེ་འདས་ཀྱི་ སྤུན་ཆ་༣ དེ་ཅིག་ དམར་བསད་འོང་ཟེར་བའི་ ལོ་རྒྱུས་ཚུ་ དར་ཁྱབ་སོང་སྟེ་འདུག།

ས་གནས་ནང་སྡོད་མི་ཚུ་གིས་ སླབ་མིའི་ནང་ ལོ་རྒྱུས་དེ་གིས་ ནང་མི་མ་ཚད་ མི་སྡེ་ལུ་ཡང་ འཇིགས་སྣང་བྱིན་ཏེ་ཡོད་ཟེར་ ཨིནམ་ད་ ཕུན་ཚོགས་ཀྱིས་ ལྕངམ་སྒང་ལུ་བཙུགས་པ་ཅིན་ ཁྲིམས་བཟོ་མི་ཚུ་གིས་ མི་སྡེ་དང་ བཟའ་ཚང་གི་ཉེན་ཁ་ འབག་དགོ་ཟེར་ཨིན་པས།

ཕུན་ཚོགས་ཀྱིས་ ན་ཧིང་ སྤྱི་ཟླ་༡༠ པའི་ཚེས་༢༤ ལུ་ རྐྱེན་ངན་བྱུང་པའི་སྐབས་ཀྱི་ དྲན་ཚོར་འབད་མིའི་ནང་ ཁོ་གི་སྲིངམོ་གིས་ ཨ་རྟག་བཟུམ་སྦེ་ དེ་ཚེ་ཡང་ ཉིན་མའི་ཇ་ འབག་འོང་གནང་ཟེར་སླབ་ད་ ཁོ་ར་ ལྷ་ཁང་གནགཔོ་ བསྐོར་ར་རྐྱབ་པའི་བསྒང་ཨིནམ་ལས་ དུམ་གྲ་ཅིག་ ཕྱིས་སུ་སྦེ་ འབག་འོང་གེ་ཟེར་སླབ་སྟེ་ ལུས་སོ་ཡི་ཟེར་ཨིན་པས།

ཕུན་ཚོགས་དེ་ ཚེ་འདས་ཀྱི་ ཁྱིམ་ཁ་ཐུག་ལུ་འགྱོ་བའི་སྐབས་ ལམ་ཁར་ དོགས་པ་ཅན་དེ་ ནོར་གྱི་རྩྭ་ལེན་པར་འགྱོཝ་ད་ ཕྱད་ཡི་ཟེར་ཨིནམ་ད་ རྐྱེན་ངན་བྱུངམ་ད་ འཁྱུ་འཕྲུལ་དང་ པ་ཝར་ཊི་ལར་གྱི་སྐད་ཀྱིས་སྦེ་ ཁྱིམ་ཚང་ཚུ་གིས་ མོ་རང་སྐད་རྐྱབ་ད་ མ་གོ་བས་ཟེར་ཨིན་པས།

དོགས་པ་ཅན་གྱིས་ ཕུན་ཚོགས་ལུ་ ཁོ་གི་སྲིངམོ་དེ་ ཨེ་ཁུ་གུ་ལས་མར་ རྦོབ་རིལ་སོ་ནུག་ཟེར་ སླབ་ནི་དེ་གིས་ བལྟ་བར་སོངམ་ད་ ཁྲག་གིས་གང་ཡོདཔ་མཐོང་སྟེ་ མོ་གི་མིང་འབོཝ་དང་གཅིག་ཁར་ ཁོ་རང་ཡང་ དྲན་མེད་བརྒྱལ་སོ་ནུག་ཟེར་ཨིན་པས།

རྐྱེན་ངན་བྱུང་བའི་སྐབས་ ཁྱིམ་ནང་ ཨ་ལོ་ཚུ་མ་གཏོགས་ ག་ཡང་མེད་པའི་ཁར་ དྲི་དཔྱད་འབད་བའི་སྐབས་ དོགས་ཅན་གྱིས་ ཚེ་འདས་ལུ་ ས་བརྐོ་མི་ རྐང་ཊ་རྒྱབ་ཀྱིས་ བླུགས་བྱིན་ནུག་ཟེར་ཨིན་པས།

ཚེ་འདས་དེ་ ཁྲག་གིས་གང་སྟེ་ དྲན་མེད་ཐལ་སྡོདཔ་ད་ དོགས་པ་ཅན་གྱིས་ ཆ་རོགས་ག་ནི་ཡང་ མ་འབད་བས་ཟེར་ཨིནམ་ད་ དོགས་ཅན་གྱིས་ ཁྱིམ་ནང་ལས་ ཏི་རུ་དང་ཅ་ལ་ཚུ་ ཨར་རྐུན་འབད་ནི་དེ་གིས་ ཚེ་འདས་དང་གཅིག་ཁར་ འབྲེལ་བ་ལེགས་ཤོམ་མིན་འདུག་ཟེར་ སངས་རྒྱས་ཀྱིས་སླབ་ཨིན་པས།

དོགས་ཅན་གྱིས་ ཚེ་འདས་ཀྱི་སྐེ་ལུ་བཏགས་མི་ ལྡེ་མིག་བུ་འབག་སྟེ་ ཤིང་སྒྲོམ་ནང་ལས་ དངུལ་ཀྲམ་༣༢,༠༠༠ ཨར་རྐུན་ འབག་མི་དེ་ཡང་ ཁོ་རའི་ ཕད་ཅུ་ནང་ལས་ ཐོབ་ཡོདཔ་ཨིན་པས།

དམར་བསད་དེ་ ཏི་རུ་ཨར་རྐུན་འབད་མི་ལུ་བརྟེན་ འོང་ནི་མས་ཟེར་ སངས་རྒྱས་ཀྱིས་ བཤད་པའི་ཁར་ དོགས་ཅན་གྱི་ཨམ་སྲུ་ ཡེ་ཤེས་ཆོས་སྒྲོན་གྱིས་ མོ་དང་དོགས་ཅན་ཡང་ འབྲེལ་བ་ལེགས་ཤོམ་མེདཔ་ལས་ ཁ་འབྱལ་ནི་སྦེ་ སྡོད་ཡི་ཟེར་ཨིན་པས།

ཁྲིམས་འདུན་གྱིས་ ཚེ་བཙོན་མ་བཀལ་བ་ཅིན་ ཞུ་བ་འབད་དགོཔ་འོང་ཟེར་ མོ་གིས་བཤད་པའི་ཁར་ དེ་བཟུམ་མའི་ བྱ་ངན་འབད་བའི་ཤུལ་ལས་ ཁོང་གི་གནས་སྟངས་དེ་ འཇིགས་སྣང་ཅན་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།

ས་གནས་ནང་སྡོད་མི་ཚུ་གིས་ སླབ་མིའི་ནང་ དམར་བསད་དེ་ ཉིན་མ་འབད་བའི་ཁར་ དེ་ཡང་ ཁྱིམ་སྤུངས་འཛོམས་ཀྱི་ས་ཁོངས་ནང་ མོ་རའི་ བུམོ་གི་རྨགཔ་གིས་བསད་མི་དེ་ མནོ་བསམ་བཏང་མ་ཚུགསཔ་ཅིག་ ཨིན་མས་ཟེར་བའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *