ཉ་བཟུང་ནིའི་དོན་ལུ་ གས་རྫས་ལག་ལེན་འཐབ་མི་ ཕོ་སྐྱེས་༤ ལུ་ བཙོན་ཁྲིམས་བཀལ་ཡོདཔ།

༉ ལྷུན་རྩེ་རྫོང་ཁག་ཁྲིམས་འདུན་གྱིས་ ཉ་བཟུང་ནིའི་དོན་ལུ་ གས་རྫས་ལག་ལེན་འཐབ་མི་ལུ་བརྟེན་ ཉེས་འཛུགས་ཅན་ ཕོ་སྐྱེས་༤ ལུ་ བཙོན་ཁྲིམས་ཟླཝ་༡༡ ལས་ ལོ་ཕྱེད་དང་༢ ལྷགཔ་ཅིག་ བཀལ་ཡོདཔ་ཨིན་པས།

སྤྱི་ཟླ་༢ པའི་ཚེས་༩ ལུ་ ཁྲིམས་འདུན་ལས་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ ཟླ་༡༡ པའི་ཚེས་༡ གི་ ཕྱི་རུ་ཆུ་ཚོད་ཕྱེད་དང་༡༡ ལུ་ རྩོད་ཟླ་རྟ་མགྲིན་དབང་ཕྱུག་གིས་ ཉེས་འཛུགས་ཅན་ བསོད་ནམས་ཚེ་རིང་དང་ ལྷུན་གྲུབ་ཆོས་འཕེལ་ དེ་ལས་ ཀུན་བཟང་དབང་ཕྱུག་དང་གཅིག་ཁར་ གྲོས་བསྟུན་ཐོག་ལས་ ཀུར་རི་ཆུ་ནང་ གས་རྫས་ལག་ལེན་འཐབ་སྟེ་ ཉ་བཟུང་ནུག་ཟེར་ཨིན་པས།

སོ་ནམ་པ་ཅིག་ཨིན་མི་ སྒང་ཟུར་རྒེད་འོག་ རོད་པ་གཡུས་ཚན་ལས་ སྐྱེས་ལོ་༥༢ ལང་མི་ རྟ་མགྲིན་དབང་ཕྱུག་གིས་ ལྷུན་རྩེ་རྫོང་ཁག་ལས་ སེངྒེ་རྫོང་ལུ་ འགྱོ་སའི་ལམ་ཁར་ ལྕགས་ཟམ་བཟོ་བསྐྲུན་འབད་ས་ དོག་གསུམ་ལས་ གས་རྫས་ཀྱི་ཅ་ཆས་ཚུ་ འབག་སྟེ་ ཐིམ་ཡུལ་ས་གནས་ནང་ ཉ་བཟུང་ནིའི་དོན་ལུ་ ལག་ལེན་འཐབ་ཡོདཔ་ཨིན་པས།

ཁོ་གིས་ ཉ་བཟུང་ནིའི་དོན་ལུ་ ཀུར་སྟོད་རྒེད་འོག་ གཏེར་སྒང་གཡུས་ཚན་ལས་ སྐྱེས་ལོ་༢༩ ལང་མི་ བསོད་ནམས་ཚེ་རིང་དང་ རོད་པ་གཡུས་ཚན་ལས་ སྐྱེས་ལོ་༢༩ ལང་མི་ ཀུན་བཟང་དབང་ཕྱུག་ དེ་ལས་ སྐྱེས་ལོ་༤༠ ལང་མི་ ལྷུན་གྲུབ་ཆོས་འཕེལ་༣ གྱིས་ ཆ་རོགས་འབད་ནུག།

ཉེས་འཛུགས་ཅན་ཚུ་གིས་ གས་རྫས་ལག་ལེན་འཐབ་སྟེ་ ཉ་བཟུང་སྡོད་པའི་སྐབས་ ནགས་ཚལ་གླིང་འཛིན་འགོ་དཔོན་ཚུ་གིས་ ཧ་གོ་བའི་ཤུལ་ལུ་ ས་གནས་ནང་སོང་སྟེ་ མི་༤ འཛིན་བཟུང་འབད་བའི་ཁར་ གས་རྫས་ལྷག་ལུས་ཚུ་ཡང་ འཕྱོག་བཟུང་འབད་ནུག།

འཁྲུན་ཆོད་ནང་ བཀོད་མི་དང་འཁྲིལཝ་ད་ གས་རྫས་འཆང་སྤྱོད་འབད་བའི་ ཉེས་ཁྲིམས་མེན་པར་ འབྲུག་གི་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༤༠༨ པའི་དགོངས་དོན་ལྟར་ མཐའ་འཁོར་གནས་སྟངས་ལུ་ བཙོག་གྲིབ་བཟོ་བའི་ ཉེས་ཁྲིམས་བཀལ་ཡོདཔ་སྦེ་ཨིན་པས།

དེ་འབདཝ་ལས་ རྩོད་ཟླ་ལུ་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་དགོངས་དོན་ལྟར་ ཉེས་འཛུགས་འགྱུར་ལྡོག་མཛད་དེ་ ཉེས་ཕྲའི་ཉེས་ཁྲིམས་ལོ་༡ དང་ཟླཝ་༡༠ དེ་ལས་ ཞག་གྲངས་༡༥ བཀལ་ནུག།

དེ་བཟུམ་སྦེ་ ཉ་བཟུང་ནི་ལུ་ ཆ་རོགས་འབད་མི་ ཕོ་སྐྱེས་༣ ལུ་ རྩོད་ཟླ་རྟ་མགྲིན་དབང་ཕྱུག་ལུ་ ཉེས་ཁྲིམས་སྨིན་པའི་ ཕྱེད་ཀ་བཀལ་ཡོདཔ་ལས་ དེ་ཡང་ ཟླཝ་༡༡ དང་ ཞག་ཕྱེད་ཕོག་ནུག།

ཉེས་འཛུགས་ཅན་ཚུ་ ཧེ་མ་ ཁྲིམས་ཕོག་པའི་ ཐོ་བཀོད་མེདཔ་ལས་ ཁྲིམས་འཐུས་བཏབ་ཆོག་པའི་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཡོངས་འབྲེལ་ཐོག་ལས་ རྒྱལ་སྤུང་སྟེ་ རྩེདམོ་རྩེད་མི་ཚུ་ བཀག་འཛིན་འབད་དགོཔ།

༉ རྒྱལ་སྤུང་སྟེ་ ཤོ་ཏ་སི་རྩེད་ནི་ལུ་ ལང་ཤོར་ཐལ་མི་ཚུ་གིས་ རང་གི་རྒྱུ་དངོས་མ་ཚད་ ཕམ་གྱི་རྒྱུ་དངོས་ཡང་ བརླག་བཏང་པའི་ཁར་ ཐ་ན་ གཉེན་གྲོགས་དང་ཡང་མ་འཆམ་པར་ བར་ན་བུ་གཞི་ཚུ་གི་ མི་ཚེ་མེདཔ་བཏང་མི་ ལེ་ཤ་འདུག། ཡོངས་འབྲེལ་ཐོག་ལས་ རྒྱལ་སྤུང་སྟེ་ རྒྱལ་འགྲན་རྩེད་ནི་དེ་ …

Leave a Reply

Your email address will not be published. Required fields are marked *