༉ དར་དཀར་ནང་ ལྷ་མོའི་རྫིང་ཁ་ ཕཱམ་གཱོན་གཡུས་ཚན་ལུ་ ཉ་རྫིང་༨ གཞི་བཙུགས་འབད་དེ་ ལོ་༣ གྱི་ཤུལ་ལས་རྐྱངམ་གཅིག་ ཉའི་ཐོན་སྐྱེད་འབད་ཚུགས་ནུག།
མ་གཞི་ གཞུང་དང་ མི་སེར་ཚུ་གི་བར་ན་ གན་ཡིག་ཅིག་བཟོ་མི་དེ་ དུས་ཡུན་རྫོགས་ནི་དེ་གིས་ སྒོ་ནོར་གསོ་སྐྱོང་འཐབ་ནི་དེ་ ཆ་མེད་འགྱོ་ནི་ལུ་ ཐུག་སྟེ་ཡོད་རུང་ ད་རེས་ནངས་པར་ ཉའི་ཐོན་སྐྱེད་དེ་ ལེགས་ཤོམ་སོང་སྟེ་ཡོད་ཟེར་ གཡུས་མི་ཚུ་གིས་ བཤདཔ་ཨིན་པས།
ལྷ་མོའི་རྫིང་ཁ་རྒེད་འོག་གི་ ཉ་རྫིང་གི་ཇོ་བདག་ ལྷ་ཚེ་རིང་ ཤེར་པ་གིས་ སླབ་མིའི་ནང་ སྒོ་ནོར་གསོ་སྐྱོང་འཐབ་མི་ལས་ ཉའི་ཚོང་འབྲེལ་ ལེགས་ཤོམ་འདུག་ཟེར་ཨིནམ་ད་ གལ་སྲིད་ ཉ་གསོ་སྐྱོང་འབད་ཚུགས་པ་ཅིན་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་པས་ཟེར་ཨིན་པས།
ལྷ་ཚེ་རིང་ ཤེར་པ་ལུ་ ཉ་ཕྲུག་༥,༠༠༠ གསོ་སྐྱོང་འཐབ་ཚུགས་པའི་ ཆུ་རྫིང་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༣ ལུ་ ཉའི་ཚོང་འབྲེལ་ལུ་བརྟེན་ འོང་འབབ་དེ་ཅིག་ར་ བཟོ་མ་ཚུགས་ཟེར་ཨིནམ་ད་ དེ་ཡང་ ཆུ་རྫིང་བཟོ་ནི་ལུ་ དུས་ཚོད་འགོར་ནི་དེ་གིས་ཨིན་ཟེར་ཨིན་པས།
ཁོ་གིས་ དུས་ཅི་ ཉ་ཚོང་འབྲེལ་འཐབ་སྟེ་ དངུལ་ཀྲམ་༨༠,༠༠༠ དེ་ཅིག་ ཐོབ་ཡོདཔ་བཞིན་དུ་ ཉ་ཚུ་ཡང་ ས་གནས་ཀྱི་ ཁྲོམ་ཚུ་ནང་ བཙོང་ཡོད་པའི་ཁར་ འདས་པའི་ཟླཝ་ནང་ ཉ་ཚུ་གིས་ ཉ་ཕྲུག་༣,༥༠༠ འཚའ་སྟེ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༣ ལུ་ ས་གནས་ཀྱི་མི་༨ ལུ་ གཞུང་གིས་ ཉ་གསོ་སྐྱོང་འཐབ་ནི་གི་ ཆུ་རྫིང་བཟོ་ནིའི་དོན་ལུ་ དངུལ་ཀྲམ་༦༧,༠༠༠ རེ་ བྱིན་ཡོདཔ་ཨིན་པས།
ཉ་གསོ་སྐྱོང་སྡེ་ཚན་གྱི་ཁྲི་འཛིན་ ཀརྨ་ཤེར་པ་གིས་ སླབ་མིའི་ནང་ སྒོ་ནོར་གྱི་ལཱ་དང་ཕྱདཔ་ད་ ཉ་གསོ་སྐྱོང་འཐབ་ནི་དེ་ འཇམ་ཏོང་ཏོ་ཡོད་པའི་ཁར་ འོང་འབབ་ཡང་ ལེགས་ཤོམ་སྦེ་ བཟོ་ཚུགས་པས་ཟེར་ཨིནམ་ད་ གཞུང་གི་བསླབ་སྟོན་དང་འཁྲིལ་ཏེ་ ད་རེས་འབདཝ་ད་ ལོ་༣ གྱི་ ཉམས་མྱོང་ཐོབ་ཡོདཔ་ལས་ ད་ལས་ཕར་ ཉ་གསོ་སྐྱོང་གི་ལཱ་དེ་ འཕྲོ་མཐུད་དེ་ར་ འབད་ནི་ཨིན་ཟེར་ཨིན་པས།
གལ་སྲིད་ ཆུ་དང་ ས་ཆ་ཡོད་པ་ཅིན་ ལྷ་མོ་རྫིང་ཁ་ལུ་ ཉ་གསོ་སྐྱོང་འཐབ་ནི་དེ་ འོས་འབབ་སྦོམ་སྦེ་ར་ འདུག་ཟེར་ཨིནམ་ད་ ད་ལྟོ་ ལྷ་མོའི་རྫིང་ཁ་དྲུང་ཁག་ནང་ སྒེར་གྱི་ཉ་རྫིང་༣ ཡོདཔ་ཨིན་པས།
སྒེར་གྱི་ཐོག་ལས་ ཉ་གསོ་སྐྱོང་འཐབ་མི་ ལཱལ་བྷ་དུར་ པར་དཱན་གྱིས་ སླབ་མིའི་ནང་ ཁོ་གིས་ སྤྱི་ལོ་༢༠༠༩ ལས་ ཉ་གསོ་སྐྱོང་འཐབ་ནི་ འགོ་བཙུགས་ཅི་ཟེར་ཨིནམ་ད་ ཉ་རྫིང་ཆུང་ཀུ་ཅིག་ལས་བརྒལ་མེད་རུང་ ད་ལྟོ་ ཐོན་སྐྱེད་ལེགས་ཤོམ་འབད་དེ་ཡོད་ཟེར་ཨིནམ་ད་ ཆུ་རྫིང་བཟོཝ་ད་ ཟད་འགྲོ་དངུལ་ཀྲམ་༧,༠༠༠ དེ་ཅིག་ལས་ མ་གནས་ཟེར་ཨིན་པས།
ཉ་གསོ་སྐྱོང་འཐབ་མི་ཚུ་ ཆུ་བཀྲམ་སྤེལ་དང་ ཚོང་ལམ་ དེ་ལས་ རྩིས་ཁྲ་འཛིན་སྐྱོང་འཐབ་ནི་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ད་ ཆ་རྫིང་གི་ཆུ་ཚུ་ ཆུ་ཞིང་ཚུ་ནང་ལས་ བཀྲམ་སྤེལ་འབད་དོ་ཡོདཔ་ལས་ ལྕང་ལ་རྐྱབ་པའི་ དུས་ཚོད་ལུ་ སྟབས་མ་བདེཝ་ བྱུང་དོ་ཡོདཔ་ཨིན་པས།
ཉ་ཚོང་འབྲེལ་འཐབ་མི་ཚུ་གིས་ ད་ལྟོ་ ལྷ་མོའི་རྫིང་ཁ་བརྒལ་ཏེ་ ཚོང་འབྲེལ་འཐབ་མ་ཚུགས་པར་ཡོདཔ་མ་ཚད་ སྡེ་ཚན་དེ་གིས་ འོང་འབབ་དང་ རྒུད་འཐུས་ཀྱི་ལམ་ལུགས་ཅིག་ འཛིན་སྐྱོང་འཐབ་མ་ཚུགས་པར་ ཡོདཔ་ཨིན་པས།
སྤྱི་ཟླ་༡༢ པ་དང་ དང་པའི་ནང་ ལྷ་མོའི་རྫིང་ཁ་ལུ་ གཉེན་རྐྱབ་ནི་གི་ དུས་ཚོད་ཅིག་ཨིནམ་ལས་ ཉ་ཚུ་ཡང་ དུས་ཚོད་འ་ནེམ་ཅིག་ཁར་བཟུང་སྟེ་ བཙོང་དོ་ཡོདཔ་ད་ ལྷ་མོའི་རྫིང་ཁ་ལུ་ ཉ་རིགས་ སེལ་བར་ཀཱཔ་དང་ ག་རཱསི་ཀཱཔ་ དེ་ལས་ ཀ་མཱན་ཀཱཔ་ཚུ་ གསོ་སྐྱོང་འཐབ་དོ་ཡོདཔ་ ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།