ཡང་བ་རི་ལུ་ གཞི་བཙུགས་འབད་མི་ ཉ་གསོ་སྐྱོང་།

ཉ་གསོ་སྐྱོང་ལུ་བརྟེན་ བཟའ་ཚང་གི་འོང་འབབ་ལུ་ ཕན་ཁྱད་བྱུང་དོ་ཡོདཔ།

༉ སྐྱེས་ལོ་༤༤ ལང་མི་ ཀརྨ་རྡོ་རྗེ་གིས་ ཁོ་རའི་བཟའ་ཚང་ཚུ་ འཚོ་སྐྱོང་འཐབ་ཚུགས་མི་དེ་ཡང་ གཙོ་བོ་ར་ གཞུང་གིས་ ཉ་གསོ་སྐྱོང་འབད་ནིའི་ ཐབས་ལམ་བཏོན་མི་ལུ་བརྟེན་ཨིན་པས།
མོང་སྒར་ དགོངས་འདུས་རྒེད་འོག་ ཡང་བ་རི་གཡུས་ཚན་ལས་ ཀརྨ་རྡོ་རྗེ་གིས་ སྤྱི་ལོ་༢༠༡༡ ལུ་ གཞུང་གིས་ ཉ་གསོ་སྐྱོང་གཞི་བཙུགས་གི་ རྒྱབ་སྐྱོར་འབད་བའི་ཤུལ་ལས་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་གི་ཟད་འགྲོ་དང་ བཟའ་ཚང་ཚུ་ ལེགས་ཤོམ་སྦེ་གསོ་ཚུགས་ཡོདཔ་ཨིན་རུང་ དེ་གི་ཧེ་མར་ དཀའ་སྡུག་བྱུང་ནུག།
ཀརྨ་རྡོ་རྗེ་གིས་ ཉ་གསོ་སྐྱོང་འབད་མི་ ཆུ་རྫིང་ནང་ བསྡོམས་ཀེ་ཇི་༢༠༠ ལྷགཔ་ཅིག་འབད་མི་ ཉ་ཚུ་བཙོང་པར་ ཐག་རིང་སར་འགྱོ་མ་དགོ་པར་ གཡུས་ཁའི་མི་ཚུ་གིས་ ཉོ་འབག་འགྱོ་དོ་ཡོདཔ་ལས་ ལོ་རེ་ནང་ འོང་འབབ་དངུལ་ཀྲམ་༢༠,༠༠༠ དེ་ཅིག་ བཟོ་ཚུགས་དོ་ཡོདཔ་ཨིན་པས།
ཉ་གསོ་སྐྱོང་གི་ ལཱ་འབད་ནི་དེ་ འཇམ་ཤོས་ཅིག་ཨིན་ཟེར་ཨིནམ་ད་ དེ་ཡང་ ཀརྨ་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ ལོ་རེ་ནང་ གཞུང་གིས་ ཉའི་སོན་༡༠༠༠ རིན་མེད་སྟོང་པར་གནང་མི་དེ་ རྩྭ་དང་ ཤིང་གི་འདབ་མ་ ཁ་རང་ ཆུམ་ཚུ་ བྱིན་ནི་མ་གཏོགས་ ལཱ་གཞན་བཟུམ་སྦེ་ དཀའཝ་སྤྱད་མི་དགོ་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༢༨ ལང་མི་ སངས་རྒྱས་དབང་མོ་གིས་འབད་བ་ཅིན་ ཉ་ལུ་བརྟེན་བཟོ་མི་ འོང་འབབ་བཟུམ་སྦེ་ སོ་ནམ་གྱི་ལཱ་འབད་མི་གིས་ བཟོ་མ་ཚུགསཔ་མ་ཚད་ བཟའ་ཚང་ཡང་ གསོ་ཚུགས་པར་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
མ་གཞི་ མི་སེར་ཚུ་གིས་ སེམས་ཅན་བསད་དེ་ འོང་འབབ་དུམ་གྲ་རེ་བཟོ་མི་ལུ་ ཁ་བཏང་མི་དེ་ ནང་པའི་ཆོས་འབད་མི་དང་ ཆོས་སེམས་ཅན་ཚུ་ཨིན་རུང་ སེམས་ཅན་གསད་དགོ་མནོ་སྟེ་ གསོ་སྐྱོང་འབདཝ་མེན་པར་ བྱ་ཐབས་མེད་པའི་ ལཱ་ཅིག་ཨིན་ཟེར་ཨིན་པས།
རྫོང་ཁག་སྒོ་ནོར་འགོ་དཔོན་ བསྟན་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ ཡང་བ་རི་སྤྱི་འོག་ནང་ དགུང་པ་༦༨ ཡོད་མི་ལས་ དགུང་པ་༡༤ གིས་ ཉ་གསོ་སྐྱོང་འབད་མི་ཚུ་ཡང་ མི་སེར་ཚུ་གིས་ དང་འདོད་བསྐྱེད་མི་དང་འཁྲིལ་ གཞུང་གིས་ མ་དངུལ་གྱི་རྒྱབ་སྐྱོར་དང་ ཉའི་སོན་ཚུ་ཡང་ རིན་མེད་སྟོང་པར་སྦེ་ གནངམ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མི་དང་འཁྲིལ་བ་ཅིན་ རྫོང་ཁག་ནང་ རྒེད་འོག་༡༧ གྱི་གྲས་ལས་ དགོངས་འདུས་རྒེད་འོག་གི་ གུང་པ་༡༤ མ་གཏོགས་ གཞན་གྱིས་ སེམས་ཅན་གསད་ནིའི་ལཱ་ལུ་ བརྩོན་ཤུགས་བསྐྱེད་མ་བཏུབ་རུང་ ཤ་ཟ་ནི་ལུ་ སྤྲོ་བ་བསྐྱེད་མི་ ལེ་ཤ་འདུག་ཟེར་ཨིན་པས།
ཡང་བ་རི་སྤྱི་འོག་གི་ མི་སེར་ཚུ་ འཚོ་བ་གཙོ་བོ་ གེ་ཟ་མ་གཏོགས་ གཞན་མེདཔ་ལས་ མི་སེར་ཚུ་ སྤྱང་ཀ་སྦེ་ ལུས་མི་དེ་ ཡར་རྒྱས་འགྱོ་ཐབས་ལུ་དམིགས་ཏེ་ གཞུང་གིས་ ཉ་གསོ་སྐྱོང་ཁང་དང་ སྒོ་ནོར་གསོ་སྐྱོང་ཡང་ གཞི་བཙུགས་གནང་ཡི་ཟེར་ཨིན་པས།
མ་གཞི་ དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་ལུ་ གཞུང་གི་སྲིད་བྱུས་དང་ འཆར་གཞི་བརྩམས་ཡོདཔ་བཞིན་དུ་ འགྲོ་སོང་སྦོམ་བཏང་སྟེ་ སོ་ནམ་པ་ཚུ་ལུ་ རྒྱབ་སྐྱོར་གནང་ཡོད་རུང་ ནང་པའི་རྒྱལ་ཁབ་ཅིག་འབདཝ་ལས་ ངོས་ལེན་འབད་མ་བཏུབ་མ་ཚད་ ད་ལྟོ་འབད་མི་ཚུ་ཡང་ ཁ་བཏང་དོ་ཡོདཔ་ལས་ དཀའ་ངལ་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ད་ལས་ཕར་ གཞུང་གིས་ དང་འདོད་ཅན་གྱི་ མི་སེར་ཚུ་ལུ་ གསོ་སྐྱོང་འཐབ་ཐངས་ཀྱི་ རིག་རྩལ་དང་ ཤེས་ཡོན་ཚུ་ སྤྲོད་ནི་མ་གཏོགས་ ཧེ་མ་བཟུམ་སྦེ་ མི་སེར་གཞན་ལུ་ རྒྱབ་སྐྱོར་མི་འབད་ནིའི་ སྲིད་བྱུས་ཚུ་ འདུག་ཟེར་ཨིན་པས།
མ་གཞི་ གཞུང་གི་སྲིད་བྱུས་ངོ་མ་ར་ སྒོ་ནོར་གསོ་སྐྱོང་ཁང་ གཞི་བཙུགས་འབད་ནི་དེ་ རྒྱལ་ཁབ་ཀྱི་ མི་སེར་ཚུ་གིས་ ཤ་ཟ་ནིའི་དོན་ལུ་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ ཤ་ཚུ་ ནང་འདྲེན་འབད་མི་དེ་ མར་ཕབ་རྐྱབ་ནི་དང་ དབུལ་ཕོངས་ཀྱི་དཀའ་ངལ་སེལ་ནི་ དེ་ལས་ རང་མགོ་རང་འདྲོངས་བཟོ་ནིའི་དོན་ལུ་ ལས་རིམ་ཚུ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ མི་སེར་ཚུ་གིས་ གསོ་སྐྱོང་ཁང་ཚུ་ གཞི་བཙུགས་འབད་ནིའི་ མནོ་བསམ་ཡོད་རུང་ ནང་པའི་ཆོས་འབད་མི་དང་ མི་སྡེ་གིས་ ཁ་བཏང་མིའི་གནད་དོན་ལུ་བརྟེན་ ཧེ་མ་ལས་ གཞི་བཙུགས་འབད་མི་ཚུ་ཡང་ མར་འབབ་འགྱོ་ནིའི་ ཚ་གྱང་ལངམ་མས་ཟེར་ སྒོ་ནོར་འགོ་དཔོན་ བསྟན་འཛིན་རྡོ་རྗེ་གིས་ སླབ་ཨིན་པས།
ད་ལྟོ་ ཡང་བ་རི་སྤྱི་འོག་གི་ གནས་སྟངས་དེ་ སྐྱོ་དྲགས་ཅན་སྦེ་ གནས་མི་དེ་ ངང་ལམ་དང་ རྒྱལ་པོའི་ཞིང་གི་ གཞུང་ལམ་མཐུད་སྦྲེལ་འབད་བའི་ཤུལ་ལས་ ཚོང་ལམ་ལེགས་ཤོམ་ཡོདཔ་ལས་ འཕྲལ་མགྱོགས་ར་ དཔལ་འབྱོར་གོང་འཕེལ་ གཏང་ཚུགས་པའི་ གོ་སྐབས་ཡོདཔ་ཨིན་པས།
ཨ་ལོ་༨ ཀྱི་ཨ་པ་ ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་ལོ་༡༩༧༠ དོན་གྲངས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགུང་པ་༤༠ དེ་ཅིག་ལུ་ སའི་སྐྱིད་སྡུག་གནང་བའི་ཤུལ་ལས་ མི་སེར་ཚུ་གིས་ སོ་ནམ་གྱི་ལཱ་འབད་ཡོད་རུང་ ཚོད་བསྲེ་དང་ རྒྱ་ཆུམ་ཚུ་ མཁོ་སྒྲུབ་འབད་བར་ ངང་ལམ་དང་ མོང་སྒར་ཁྲོམ་ནང་ འོང་སྡོད་ནུག་ཟེར་ཨིན་པས།
སྤྱི་འོག་གི་ ཚོགས་པ་ ཀརྨ་རྡོ་རྗེ་གིས་འབད་བ་ཅིན་ ད་ལྟོ་ཚུན་ ཉ་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༢༠༠ རེ་སྦེ་བཙོང་མི་དེ་ ད་ལས་ཕར་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༦༠ དང་༡༧༠ གི་བར་ན་སྦེ་ བཙོང་ནི་ཨིན་ཟེར་ཨིནམ་ད་ དེ་ཡང་ གཞུང་གིས་ ཉའི་སོན་ཚུ་ རིན་མེད་སྟོང་པར་ གནངམ་མ་ཚད་ ཐབས་རིག་གི་རྒྱབ་སྐྱོར་ཚུ་ གནང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ལྷག་པར་དུ་ ཁོ་གི་རེ་བ་ལས་འབད་བ་ཅིན་ མ་འོངས་པར་ ས་གོ་སོ་སོ་ཚུ་ནང་ཡང་ ཉ་གསོ་སྐྱོང་ཁང་གཞན་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཡང་བ་རི་གཡུས་ཚན་དེ་ རྒེད་འོག་ཡིག་ཚང་ལས་ ཀི་ལོ་མི་ཊར་༢༠ ལྷགཔ་ཅིག་ལུ་དང་ ངང་ལམ་དང་རྒྱལ་པོའི་ཞིང་གི་ གཞུང་ལམ་ཉེ་འདབས་ དེ་ལས་ ཀུར་རི་གོང་རི་ཆུའི་ སྦོ་ལོགས་ཁར་ ཐང་བདེ་ཏོག་ཏོ་ཅིག་ནང་ ཆགས་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *