ཇོ་མོ་གཙང་ཁ་ལུ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ཡིག་ཚང་གཞི་བཙུགས་འབད་དགོཔ།

༉ ད་རེས་ནངས་པར་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ནང་ སྣུམ་འཁོར་གྱི་གྱངས་ཁ་ ཡར་འཕར་འགྱོ་དོ་ཡོདཔ་ལས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ཡིག་ཚང་གཞི་བཙུགས་འབད་དགོཔ་ ཁག་ཆེ་བས་ཟེར་ མི་ཚུ་གིས་ བཤདཔ་ཨིན་པས།
ད་རེས་ དྲུང་ཁག་གི་ གླང་ཅན་ཕུག་དང་ལའུ་རི་ དེ་ལས་ གསེར་ཐིག་རྒེད་འོག་༣ ནང་ སྣུམ་འཁོར་གྱི་གྱངས་ཁ་ ཡར་འཕར་སོང་མི་དང་བསྟུན་ ལམ་ལུགས་དང་མ་འཁྲིལ་བར་ མི་ཐེབས་འབག་མི་ལ་སོགས་པའི་ གནད་དོན་ཚུ་ ལེ་ཤ་ཐོནམ་མས་ཟེར་ཨིན་པས།
དེད་གཡོག་ཅིག་ཨིན་མི་ ཚེ་དབང་གིས་ སླབ་མིའི་ནང་ རྒེད་འོག་ཚུ་ནང་ དེད་གཡོགཔ་ཚུ་གིས་ སྣུམ་འཁོར་ཚུ་ ཤུགས་ཚད་ལས་བརྒལ་ བཏང་དོ་ཡོད་པའི་ཁར་ དོ་ཚད་ལས་བརྒལ་ཏེ་ འབག་དོ་ཡོདཔ་ལས་ ལྟ་རྟོག་འབད་ནི་ཡང་ མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ ཁྲིམས་སྲུང་འགག་པ་ཚུ་ཡོད་རུང་ ཁོང་ཆ་ཁྱབ་ ཇོ་མོ་གཙང་ཁ་ཁྲོམ་ཁར་ ལྟ་རྟོག་འབད་དགོཔ་བཞིན་དུ་ མི་སྟོབས་ལེ་ཤ་མེདཔ་ལས་ རྒེད་འོག་ལྟེ་བའི་ འཁོར་ལམ་ཚུ་བདའ་སྟེ་ ཞིབ་དཔྱད་འབད་ནི་ལུ་ གདོང་ལེན་འདུག་ཟེར་ཨིན་པས།
སྐྱེས་ལོ་༤༥ ལང་མི་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ ད་རེས་ནངས་པར་ རྒེད་འོག་ཚུ་གི་ སྣུམ་འཁོར་བོ་ལེ་རོ་ཚུ་གིས་ཡང་ མི་ཚུ་ སྐྱེལ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ དེད་གཡོགཔ་ཚུ་གིས་ ལམ་འགྲུལ་ཉེན་སྲུང་གི་ ལམ་ལུགས་དང་འཁྲིལ་འབག་རུང་ མ་བཏུབ་མེད་རུང་ ཚད་ལས་བརྒལ་ འབགཔ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེད་གཡོགཔ་ཚུ་གིས་ མི་ཚད་ལས་བརྒལ་འབག་མི་དེ་ འཁོར་ལམ་ཚུ་བདའ་སྟེ་ ཞིབ་དཔྱད་འབད་མི་ མེད་ནི་དེ་གིས་ཨིནམ་ད་ འཕྲལ་འཕྲལ་སྣུམ་འཁོར་ཅིག་ནང་ མི་༡༠ དེ་ཅིག་ཡང་ བཙུགས་འབག་དོ་ཡོད་པའི་ཁར་ འཁོར་ལམ་ཚུ་ཡང་ རྒྱ་ཆུང་ཀུ་ཡོདཔ་ལས་ ལམ་འགྲུལ་ཉེན་སྲུང་གི་ ཡིག་ཚང་གཞི་བཙུགས་འབད་བ་ཅིན་ དེ་ཚུ་ མར་ཕབ་འབད་ཚུགས་པའི་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
དེད་གཡོགཔ་ཚུ་གིས་ སླབ་མིའི་ནང་ ག་དེམ་ཅིག་སྦེ་ མི་ཚད་ལས་བརྒལ་ འབག་པའི་སྐབས་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ ཁྲིམས་སྲུང་འགག་པ་གིས་ བདའ་ཟུན་ཏེ་ ཉེས་བྱ་བཀལཝ་ད་ ཇོ་མོ་གཙང་ཁ་ལུ་ ལམ་འགྲུལ་ཉེན་སྲུང་གི་ ཡིག་ཚང་མེདཔ་ལས་ ཉེས་བྱ་དེ་ བཏབ་ནིའི་དོན་ལུ་ བསམ་གྲུབ་ལྗོངས་མཁར་ལུ་ འགྱོ་དགོ་པས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་ལུ་ འགྱོ་བའི་སྐབས་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ འགྱོ་དགོ་པའི་ཁར་ འཕྲལ་འཕྲལ་ར་ འགྲུལ་བཀག་གི་ གནད་དོན་ཚུ་ལུ་བརྟེན་ ཚེ་སྲོག་ལུ་ཡང་ ཉེན་ཁ་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་དྲུང་ཁག་ནང་ ལམ་འགྲུལ་ཉེན་སྲུང་གི་ ཡིག་ཚང་བཙུགས་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།
གླང་ཅན་ཕུག་རྒེད་འོག་གི་ དམངས་མི་གིས་ སླབ་མིའི་ནང་ ད་རེས་ དྲུང་ཁག་ནང་ སྣུམ་འཁོར་ཡར་འཕར་འགྱོ་མི་དང་འཁྲིལ་ ལམ་འགྲུལ་ཉེན་སྲུང་གི་ ལམ་ལུགས་ལུ་ མ་གནས་མི་ཡང་ ལེ་ཤ་ཐོན་དོ་ཡོདཔ་ལས་ ཉེས་བྱ་ལ་སོགས་པ་ཚུ་ བཏབ་ནིའི་དོན་ལུ་ བསམ་གྲུབ་ལྗོངས་མཁར་ལུ་ར་ འགྱོ་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བསམ་གྲུབ་ལྗོངས་མཁར་ལུ་ འགྱོ་བའི་སྐབས་ ཟད་འགྲོ་སྦོམ་གནས་དོ་ཡོད་པའི་ཁར་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབདཝ་ད་ ཉེན་ཁ་ཡོདཔ་མ་ཚད་ འགྲུལ་བཀག་གི་ གནད་དོན་ཚུ་ལུ་བརྟེན་ གདོང་ལེན་ལེ་ཤ་བྱུངམ་མས་ཟེར་ ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ ཁྲིམས་སྲུང་འགག་པ་ཚུ་གིས་ ལྷོད་མ་ཚུགས་པའི་ ས་ཁོངས་ཚུ་ནང་ རྒེད་འོག་གིས་ ཞིབ་དཔྱད་འབད་ཐོག་ལས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ལམ་ལུགས་ཚུ་ གོ་བརྡ་སྤྲོད་དོ་ཡོདཔ་ལས་ དྲུང་ཁག་ནང་ ལམ་འགྲུལ་ཉེན་སྲུང་གི་ ཡིག་ཚང་ཅིག་ ངེས་པར་དུ་ དགོཔ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ཇོ་མོ་གཙང་ཁ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *