ཇོ་མོ་གཙང་ཁ་ལུ་ འགྲོ་འགྲུལ་ལྷོད་ཡངས་བཟོ་ཡོད་རུང་ ཁྱིམ་ཚང་ནང་འཁོད་ལུ་འབྲེལ་བ་འཐབ་མ་ཆོགཔ།

༉ ཁ་ཙ་ལས་ ཤར་ལུང་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ ཉེན་ཁའི་གཙོ་རིམ་དང་ ས་ཁྲ་ཚུ་གུ་ གཞི་བཞག་ཐོག་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་གི་ ཚོས་གཞི་དམརཔོ་གི་ གཡུས་ཚན་ཚུ་ནང་མ་གཏོགས་ གཡུས་ཚན་གཞན་ཚུ་ནང་ ཚད་འཛིན་འབད་དེ་ ནད་གཞི་མེད་པའི་ གྲུབ་འབྲས་བྱུང་མི་དང་འཁྲིལ་ གོ་རིམ་དང་པའི་ འགྲོ་འགྲུལ་བཀག་དམ་ ལྷོད་ཡངས་བཟོ་ཡི།

གཡུས་ཚན་ཚོས་གཞི་དམརཔོ་དང་ སེརཔོ་ནང་ སྡོད་མི་ཚུ་གིས་ ཁོང་རའི་ས་ཁོངས་ནང་འཁོད་ལུ་ ཨ་རྟག་གི་ལཱ་དང་ ནོར་སེམས་ཅན་གསོ་སྐྱོང་འབད་ནི་ དེ་ལས་ ལས་སྣ་གཞན་ཚུ་ འབད་ཆོགཔ་ཨིན་རུང་ ཁྱིམ་ཚང་ཚུ་གི་ ཁྱིམ་ནང་འགྱོ་ནི་དང་ ཁྱིམ་ནང་མགྱོནམ་ཚུ་ འབོ་མི་ཆོག་ནི་ཨིན་པས།

གཡུས་ཚན་ཚོས་གཞི་ལྕང་ཁ་དང་ ཇོ་མོ་གཙང་ཁ་ཁྲོམ་ཁར་ སྡོད་མི་ཚུ་གིས་ འགྲོ་འགྲུལ་འབད་ཆོག་རུང་ ཚོས་གཞི་དམརཔོ་དང་སེརཔོ་སྦེ་ ངོས་འཛིན་འབད་མི་ གཡུས་ཚན་ཚུ་ནང་ གནང་བ་མེད་པར་ འགྱོ་མི་ཆོག་ནི་དང་ མི་མང་སྐྱེལ་འདྲེན་བཱསི་ཚུ་གིས་ འགྲུལ་པ་ཤོང་ཚད་ བརྒྱ་ཆ་༥༠ ལས་ འབག་མི་ཆོག་ཟེར་ཨིན་པས།

ཤར་ལུང་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གི་ གསལ་བསྒྲགས་དང་འཁྲིལཝ་ད་ རྒེད་འོག་སོ་སོའི་ནང་ འགྱོ་ནིའི་དོན་ལུ་ ཚོས་གཞི་ལྕང་ཁའི་ གཡུས་ཚན་ཚུ་ནང་ ཐོགས་ལུས་མི་ཚུ་ ཨེན་ཊི་ཇེན་བརྟག་དཔྱད་འབད་བའི་ཤུལ་ལུ་ འགྲོ་འགྲུལ་འབད་ཆོག་ནི་དང་ ཉེན་ཁ་ཆུང་བའི་ རྫོང་ཁག་ཚུ་ནང་ འགྲོ་འགྲུལ་འབད་ནིའི་དོན་ལས་ བདུན་ཕྲག་༡ གི་རིང་ ངེས་པར་དུ་ ཟུར་བཞག་ནང་ སྡོད་དགོ་མི་དེ་ཡང་ ལོག་འགོ་བཙུགས་ནི་ཨིན་པས།

དེ་ལས་ གཡུས་ཚན་ཚོས་གཞི་དམརཔོ་ནང་ སྡོད་མི་ཚུ་གིས་ རྒེད་འོག་ལས་བྱེད་ཚོགས་ཆུང་དང་ ཡང་ཅིན་ འབྲེལ་ཡོད་ཚོགས་པ་ཚུ་གིས་ ངོས་འཛིན་འབད་མི་ གཡུས་ཚན་གྱི་ ས་གནས་ཁག་དང་ ཁོང་རའི་གཡུས་ཚན་གྱི་ ས་ཁོངས་ཚུ་ནང་ ནོར་སེམས་ཅན་ཚུ་ གསོ་སྐྱོང་འཐབ་ཆོག་ཟེར་ཨིན་པས།

གློ་བུར་སྨན་བཅོས་ཞབས་ཏོག་དང་ མི་ཤི་ས་ཚུ་ནང་ འགྱོ་དགོཔ་འཐོན་པ་ཅིན་ མི་ཚུ་གིས་ བདུན་ཕྲག་༡ གི་རིང་ ངེས་པར་དུ་ ཟུར་བཞག་ནང་ སྡོད་དགོ་པའི་ཁར་ འགྲོ་འགྲུལ་མ་འབད་བའི་ཧེ་མ་ ནད་འབུབ་ཡོད་མེད་བལྟ་ནིའི་དོན་ལས་ ཨར་ཊི་-པི་སི་ཨར་བརྟག་དཔྱད་འབད་དགོ་ཟེར་ གསལ་བསྒྲགས་ནང་བཀོད་ནུག།

ཇོ་མོ་གཙང་ཁ་ཁྲོམ་ལས་ གཡུས་ཚན་ཚོས་གཞི་དམརཔོ་དང་སེརཔོ་ནང་ མཁོ་ཆེ་བའི་ ཅ་ཆས་བཀྲམ་སྤེལ་འབད་མི་དང་ གནང་བ་ཡོད་པའི་ སྣུམ་འཁོར་ཚུ་གིས་  ཚད་ལྡན་ལག་ལེན་བྱ་སྒོ་དང་འཁྲིལ་ ངོས་འཛིན་འབད་ཡོད་པའི་ འཛུལ་སྒོ་ཚུན་ སྐྱེལ་སྤྲོད་འབད་ནི་ཨིནམ་ད་ ཚོས་གཞི་དམརཔོ་ནང་གི་ ཚོང་ཁང་ཚུ་ སྒོ་བསྡམ་བཞག་ནི་ཨིན་རུང་ ཚོས་གཞི་ལྕང་ཁའི་ ཚོང་ཁང་ཚུ་ སྒོ་ཕྱེ་ཆོག་ནི་ཨིན་པས།

མི་མང་ཞབས་ཏོག་བྱིན་མི་ འབྲུག་གློག་མེ་ལས་འཛིན་དང་ འབྲུག་བརྒྱུད་འཕྲིན་ཚད་འཛིན་ཚུ་གིས་ ཁག་ཆེ་བའི་ལཱ་ཚུ་གི་སྐབས་ གཡུས་ཚན་ཚོས་གཞི་དམརཔོ་དང་ ཉེན་ཁ་ཆེ་བའི་ སྒྲིང་ཁྱིམ་ཚུ་ནང་ འགྱོ་དགོཔ་འཐོནམ་ད་ ཉེན་སྲུང་ཅ་ཆས་ཚུ་ ཚུལ་མཐུན་ཐོག་ གྱོན་འགྱོ་དགོ་ཟེར་བཀོད་ནུག། 

གཡུས་ཚན་ཚོས་གཞི་དམརཔོ་ནང་གི་ སློབ་གྲྭ་དང་ ཡིག་ཚང་ དེ་ལས་ གཡུས་ཚན་ཚོས་གཞི་ལྕང་ཁའི་ སློབ་གྲྭ་ཚུ་ སྒོ་བསྡམས་ཏེ་ར་ ལུས་ནི་ཨིན་རུང་ ཚོས་གཞི་ལྕང་ཁའི་ ཡིག་ཚང་དང་ དངུལ་འབྲེལ་ལས་ཁང་ཚུ་གིས་ ལས་བྱེདཔ་བརྒྱ་ཆ་༥༠ འི་ཐོག་ ཚོན་འབྲེལ་འཐབ་ནི་དང་ གསོ་བའི་ལྟེ་བ་ག་ར་ སྒོ་ཕྱེ་ནི་ཨིན་པས།

སྤྱི་ཟླ་༥ པའི་ཚེས་༢༡ ལུ་ མི་སྡེ་ནང་ ཀོ་བིཌ་-༡༩ ཐོབ་མི་ ངོས་བཟུང་བྱུང་པའི་ཤུལ་ལས་ ཤར་ལུང་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ ཇོ་མོ་གཙང་ཁ་དྲུང་ཁག་ནང་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ་ད་ ད་ལྟོ་ཚུན་ ཇོ་མོ་གཙང་ཁ་ལུ་ མི་༡༦༠ དེ་ཅིག་ལུ་ ཀོ་བིཌ་-༡༩ ཐོབ་ཡོད་གནས་ཚུལ།

སྐལ་བཟང་དབང་ཕྱུག། ངང་ལམ།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *