༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ གླང་ཅན་ཕུག་རྒེད་འོག་ ཟླ་བ་ཐང་གཡུས་ཚན་གྱི་ མི་ཚུ་གིས་ ཉ་གསོ་སྐྱོང་རྒྱ་ཆེ་དྲགས་སྦེ་ འཐབ་དོ་ཡོདཔ་ཨིན་རུང་ གནམ་དགུན་གྱི་དུས་ཚོད་ལུ་ ཆུ་མེད་པའི་ དཀའ་ངལ་ཡོདཔ་ལས་ གསོ་སྐྱོང་འཐབ་ནི་ལུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས།
ཟླ་བ་ཐང་ལས་ སྐྱེས་ལོ་༤༠ ལང་མི་ ཧོསི་བྷ་དུར་ བ་ཊ་རའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ ཉ་གསོ་སྐྱོང་དེ་ སྤྱི་ལོ་༢༠༡༤ ལས་ འགོ་བཙུགས་ཅི་ཟེར་ཨིནམ་ད་ འགོ་དང་པ་ གཞི་བཙུགས་འབད་བའི་སྐབས་ བསྡོམས་ཀྱིས་ཉ་༡༠,༠༠༠ དེ་ཅིག་ ཉོ་ཞིནམ་ལས་ བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཉ་རིགས་ཅའི་ནིས་ཀ་མཱན་དང་ ཌོ་ལེ་ཀ་མཱན་ དེ་ལས་ ག་རསི་དང་ སིལ་བར་བུ་ཀ་༤ དངུལ་ཀྲམ་༦,༠༠༠ དེ་ཅིག་ ཟད་འགྲོ་བཏང་ཐོག་ལས་ དགེ་ལེགས་ཕུག་ལས་ ནང་འདྲེན་འབད་ཡི་ཟེར་ཨིནམ་ད་ ཁོ་གིས་ ཨ་རྟག་ར་ གནམ་དགུན་ལུ་ ཉ་དེ་ཚུ་ བཙོང་ནི་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལོ་བསྟར་བཞིན་དུ་ ཉ་ཀེ་ཇི་༨,༠༠༠ དེ་ཅིག་ ཚོང་འབྲེལ་འཐབ་དོ་ཟེར་ཨིནམ་ད་ ཉ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠༠ རེ་སྦེ་ བཙོང་དོ་ཡོདཔ་བཞིན་དུ་ ཉ་ཚབ་ཉོ་བའི་སྐབས་ ཉ་ཊིན་རེ་ལུ་ དངུལ་ཀྲམ་༣༥༠ སྤྲོད་དོ་ཡོདཔ་ལས་ འཕྲལ་འཕྲལ་ ཊིན་ནང་ ཉ་ལེ་ཤ་འོང་རུང་ འཕྲལ་འཕྲལ་ ཉུང་སུ་ཅིག་ལས་ མི་འོངམ་མས་ཟེར་ཨིན་པས།
ཉ་གསོ་སྐྱོང་འཐབ་མི་དེ་གིས་ ཁོ་བཟུམ་མའི་ མི་སེར་ཉམ་ཆུང་ལུ་ འོང་འབབ་ཀྱི་ཐད་ཁར་ ཕན་ཐོགས་སྦོམ་ཡོད་རུང་ ཆུ་མེད་པའི་ དཀའ་ངལ་ལུ་བརྟེན་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ ཆུ་གཙང་སྦྲ་དང་ལྡནམ་སྦེ་ བཞག་དགོཔ་ལས་ འཕྲལ་འཕྲལ་ར་ ཆུ་སོར་དགོ་ཟེར་ཨིནམ་ལས་ ད་ལྟོ་ ཁོ་ལུ་ ཉ་༥,༠༠༠ ལྷགཔ་ཅིག་ ཡོདཔ་ཨིན་པས།
ཉ་གསོ་སྐྱོང་འཐབ་མི་ གཞན་ཚུ་གིས་ སླབ་མིའི་ནང་ གནམ་དགུན་ཟླཝ་༣ གྱི་རིང་ ཆུ་འོང་ནི་མེདཔ་ལས་ ཉ་དེ་ཚུ་ ཆུ་ཡོད་མི་ ཉ་ཁང་ཚུ་ནང་ བཞག་དོ་ཟེར་ཨིནམ་ད་ གནམ་བྱཱར་ལུ་ ཆུ་ལྷོད་པའི་སྐབས་ ལོག་འབག་འོང་དོ་ཡོད་རུང་ ཉ་མང་ཤོས་ར་ ཤི་དོ་ཡོད་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ ཉ་ཚུ་ལུ་བྱིན་མི་ ཀརྨ་ཕིཌ་དེ་ གོང་སྦོམ་གནས་དོ་ཡོདཔ་ལས་ རྩྭ་དང་ གེ་ཟའི་ཐོན་སྐྱེད་ཚུ་ བྱིན་དོ་ཟེར་ཨིནམ་ད་ ཆུའི་དཀའ་ངལ་གྱི་སྐོར་ལས་ རྒེད་འོག་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ རྒཔོ་གིས་ ཆུ་བཏོན་བྱིན་ནི་སྦེ་ སླབ་ཡོད་རུང་ ད་ལྟོ་ཚུན་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ གཡུས་ཚན་དེ་གི་ལྟག་ལུ་ གནམ་བྱཱར་དགུན་མེད་པར་ ཆུ་ཐོན་སྡོད་མི་ཡོདཔ་ལས་ དེ་ཁར་ལས་ བཏོན་པ་ཅིན་ ཆུ་དུང་སྒོར་༣ དེ་ཅིག་ཡང་ མི་གནས་ནི་ཨིན་པའི་ཁར་ མ་འོངས་པར་ ཆུའི་དཀའ་ངལ་དེ་ཡང་ མི་འཐོན་ཟེར་ཨིན་པས།
གླང་ཅན་ཕུག་རྒཔོ་གིས་ སླབ་མིའི་ནང་ མི་ཚུ་གིས་ སྙན་ཞུ་ལྷོད་ཡོདཔ་བཞིན་དུ་ དེ་ལུ་ ངོས་ལེན་ཡོད་ཟེར་ཨིནམ་ད་ ད་ལྟོ་ཡོད་པའི་ ཆུ་དེ་ཡང་ གནམ་བྱཱར་དགུན་མེད་པར་ ཐོན་དོ་ཡོད་རུང་ གཡུས་མི་ཚུ་ལུ་ དུམ་གྲ་ཅིག་ ལང་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཕྲལ་མགྱོགས་ར་ རྒེད་འོག་གིས་ ཆུ་བཏོན་ནི་ཨིནམ་ལས་ དཀའ་ངལ་ སེལ་བའི་བསྒང་ལས་ མ་འོངས་པ་ལུ་ གཡུས་མི་དང་ ལྷག་པར་དུ་ ཉ་གསོ་སྐྱོང་འཐབ་མི་ཚུ་གི་དོན་ལུ་ ཆུའི་དཀའ་ངལ་མི་འཐོན་ཟེར་ ཨིན་པའི་གནས་ཚུལ།
ཇོ་མོ་གཙང་ཁ་ལས་ སྐལ་བཟང་དབང་ཕྱུག།