ཇོ་མོ་གཙང་ཁ་མ་གཏོགས་ རྫོང་ཁག་ནང་འཁོད་ལུ་ འགྲོ་འགྲུལ་འབད་ཆོགཔ།

༉ བསམ་གྲུབ་ལྗོངས་མཁར་ཁྲོམ་ལས་ པིན་ཅི་ནང་ཞིབ་དཔྱད་སྒོ་ར་ཚུན་ ཉིན་གྲངས་༡༦ གི་རིང་ འགྲོ་འགྲུལ་བཀག་དམ་འབད་བའི་ཤུལ་ལུ་ རྫོང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ ཁ་ཙ་ལས་ གོ་རིམ་དང་པའི་  འགྲོ་འགྲུལ་བཀག་དམ་ལྷོད་ཡངས་བཏང་ཡི།

གོ་རིམ་དང་པ་དེ་ སྤྱི་ཟླ་༥ པའི་ཚེས་༣༠ ཚུན་ཨིནམ་ད་ དེ་བསྒང་ རང་སོའི་བཅད་མཚམས་ས་ཁོངས་ནང་ འགྲུལ་སྐྱོད་ཤོག་བྱང་འབག་ཐོག་ལས་ མི་ཚུ་འགྲོ་འགྲུལ་དང་ རྐང་འཁོར་ཚུ་ གཏང་ཆོག་ནི་ཨིན་པས།

དེ་འབདཝ་ད་ བསམ་གྲུབ་ལྗོངས་མཁར་འབྲིང་རིམ་སློབ་གྲྭ་བར་མ་དང་ སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་བརྩིས་ཏེ་ མི་ག་ར་ འགྲོ་འགྲུལ་བཀག་དམ་ རྩ་བ་ལས་ ལྷོད་ཡངས་མ་བཟོཝ་ཚུན་ ཁྱིམ་གྱི་ཕྱི་ཁར་ འཐོན་མི་ཆོག་ཟེར་ རྫོང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་བཀོད་ནུག།

ས་ཁོངས་བཅད་མཚམས་གཅིག་ལས་ བཅད་མཚམས་གཞན་ཁར་ འགྲོ་འགྲུལ་འབད་མི་ཆོག་ནི་ཨིན་རུང་ གློ་བུར་དང་ གནང་བ་ཡོད་མི་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ཆོགཔ་བཞིན་དུ་ ཉེན་ཁ་ཆེ་བའི་ ས་ཁོངས་ལས་ ཉེན་ཁ་ཆུང་བའི་ ས་ཁོངས་ཚུ་ནང་ འགྲོ་འགྲུལ་འབད་ནིའི་དོན་ལུ་ ངེས་པར་དུ་ བདུན་ཕྲག་༡ གི་རིང་ ཟུར་བཞག་གི་ ཐོ་བཀོད་ནི་དེ་ མཚམས་འཇོག་འབད་ནུག།

ཨིན་རུང་ ཐོགས་ལུས་མི་ཚུ་ ཇོ་མོ་གཙང་ཁ་རྐྱངམ་གཅིག་མ་གཏོགས་ རྫོང་ཁག་ནང་འཁོད་ལུ་ འགྲོ་འགྲུལ་འབད་བཅུག་ནི་ཨིནམ་ད་ སློབ་གྲྭ་དང་ཡིག་ཚང་ དེ་ལས་ དངུལ་འབྲེལ་གཙུག་སྡེ་ཚུ་ཡང་ སྒོ་བསྡམ་བཞག་ནི་ཨིན་རུང་ ཚོང་པ་ཚུ་གིས་ དྲོ་པ་ཆུ་ཚོད་༨ ལས་ ཕྱི་རུའི་ཆུ་ཚོད་༧ ཚུན་ ཚོང་འབྲེལ་འཐབ་ཆོག་ནི་ཨིན་པས།

ལས་བྱེད་ཚོགས་ཆུང་གི་ གསལ་བསྒྲགས་དང་འཁྲིལཝ་ད་ ངོས་འཛིན་འབད་མི་ སྣ་ཚོགས་དང་ སྲ་ཆས་ཚོང་ཁང་ཚུ་གིས་ ཚོང་འབྲེལ་འཐབ་ཆོག་ནི་དང་ སྣུམ་འཁོར་བཅོ་ཁང་ཚུ་ཡང་ ཧེ་མའི་ལཱ་འཕྲོ་ཚུ་ འབད་ནིའི་དོན་ལུ་ སྒོ་ཕྱེ་ཆོག་ནི་ཨིན་རུང་ ལས་བྱེདཔ་བརྒྱ་ཆ་༥༠ ལས་བརྒལ་ བཞག་མི་ཆོག་ནི་ཨིན་པས།

རྩེད་རིགས་དང་ ལུས་སྦྱོང་ཁང་ཚུ་ སྒོ་ཕྱེ་མི་ཆོག་པའི་ཁར་ ཁྲོམ་ངོ་མའི་དོན་ལུ་ ཚོད་བསྲེ་ཁྲོམ་དེ་ སྒོ་ཕྱེ་ནི་ཨིན་རུང་ ཚོང་མགྲོན་པ་ བརྒྱ་ཆ་༥༠ རྐྱངམ་གཅིག་ འོང་ཆོགཔ་བཞིན་དུ་ ས་ཁོངས་བཅད་མཚམས་གཞན་ཚུ་གི་དོན་ལས་ ཚོད་བསྲེ་བཀྲམ་སྤེལ་བ་ཚུ་གིས་ ཚོང་ཁང་ཚུ་ནང་ བཀྲམ་སྤེལ་འབད་ནི་ཨིན་པས།

གསལ་བསྒྲགས་ནང་ སོ་ནམ་ཐོན་སྐྱེད་དང་ ཨོམ་ དེ་ལས་ སྒོ་ནོར་ཐོན་སྐྱེད་ཚུ་ འབྲེལ་ཡོད་རྒེད་འོག་བདག་སྐྱོང་ཚུ་གིས་ གསོ་བའི་སྒྲིག་གཞི་ཚུ་དང་འཁྲིལ་ ལྷན་ཐབས་འབད་ནི་ཨིནམ་ད་ མི་ཤི་བའི་སྐབས་ བཟའ་ཚང་དང་ སྤུན་ཆ་༡༠ རྐྱངམ་གཅིག་ འཛོམས་ཆོག་ཟེར་བཀོད་ནུག།

ལས་བྱེད་ཚོགས་ཆུང་གིས་ བསྐྱར་ཞིབ་འབད་མི་ ཚད་ལྡན་ལག་ལེན་བྱ་རིམ་དང་འཁྲིལ་ ཉེན་ཁ་ཆུང་བའི་ རྫོང་ཁག་ནང་ མཁོ་ཆེ་བའི་ ཅ་ཆས་སྐྱེལ་འདྲེན་དང་ རྡོ་དཀར་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་གི་ འགྲོ་འགྲུལ་ཚུ་ལུ་ ལྷན་ཐབས་འབད་ནི་དང་ ནང་འདྲེན་དང་ ཕྱིར་ཚོང་ཚུ་ཡང་ ད་ལྟོ་ཡོད་པའི་ ལག་ལེན་བྱ་རིམ་དང་བསྟུན་ འབད་ཆོག་ནི་ཨིན་པས།

རྫོང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ སྤྱི་ཟླ་༥ པའི་ཚེས་༦ ལུ་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ས་ཁོངས་ལས་ མི་སྡེའི་ནང་ ཀོ་བིཌ་-༡༩ ཐོབ་མི་ བདའ་ཟུན་པའི་ཤུལ་ལས་ འགྲོ་འགྲུལ་བཀག་དམ་འབད་ཡོད་རུང་ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ ས་ཁོངས་བཅད་མཚམས་ཚུ་ནང་ འགྲོ་འགྲུལ་འབད་བཅུག་སྟེ་ འགྲོ་འགྲུལ་བཀག་དམ་ལྷོད་ཡངས་ བཟོ་ཡོདཔ་ཨིན་པས།

ཨིན་རུང་ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ ཁྲོམ་ཁར་མི་མང་བརྟག་དཔྱད་ཐེངས་༢ པའི་སྐབས་ མི་སྡེ་ནང་ལས་ མི་༥ ལུ་ ཀོ་བིཌ་-༡༩ ཐོབ་ཡོདཔ་སྦེ་ བདའ་ཟུན་མི་ལུ་བརྟེན་ ད་རུང་ སྤྱི་ཚེས་༡༨ ལུ་ ཁྲོམ་ཁ་ལས་ པིན་ཅི་ནང་ཞིབ་དཔྱད་སྒོ་ར་ཚུན་ འགྲུལ་སྐྱོད་བཀག་དམ་འབད་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *