ཇོ་མོ་གཙང་ཁ་དྲུང་ཁག་གི་དོན་ལུ་ ངོས་འཛིན་འབད་མི་ ཁྲོམ་གྱི་ས་ཁོངས།

ཇོ་མོ་གཙང་ཁ་དྲུང་ཁག་གི་ ཁྲོམ་སའི་དོན་ལུ་ ལག་ཁྲམ་ཚུ་ སྤྲོད་ཚར་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་གི་ ཁྲོམ་གྱི་དོན་ལུ་ ས་ཁོངས་ངོས་འཛིན་འབད་དེ་ ཚོང་པ་ཚུ་ལུ་ ལག་ཁྲམ་ཚུ་ཡང་ སྤྲོད་ཚར་མི་ལུ་བརྟེན་ སྒྲིང་ཁྱིམ་རྐྱབ་ནིའི་དོན་ལུ་ དྲུང་ཁག་ནང་ སྙན་ཞུ་ལྷོད་པ་ཅིན་ ས་ཁོངས་བཟོ་བཀོད་ཀྱི་ འཆར་གཞི་ནང་ མ་ཚུད་མི་ཚུ་ལུ་ རྐྱབ་ཆོག་པའི་ གནང་བ་བྱིན་ནི་ཟེར་ཨིན་པས།
ནར་མ་ཡ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལོ་ན་ཆུང་ཀུའི་བསྒང་ལས་ར་ ས་གནས་དེ་ཁར་ ཚོང་འབྲེལ་འཐབ་སྡོད་ཅི་ཟེར་ཨིནམ་ད་ ད་རེས་ ཁྲོམ་གྱི་དོན་ལུ་ ས་ཁོངས་ངོས་འཛིན་འབད་དེ་ ལག་ཁྲམ་ཡང་ ཐོབ་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིནམ་ད་ མ་དངུལ་བཏོན་ནི་མེད་རུང་ སྐྱིན་འགྲུལ་ཞུ་ཞིནམ་ལས་ ཁྱིམ་རྐྱབ་ནི་ཟེར་ཨིན་པས།
གླ་འཁོར་དེད་གཡོགཔ་ བྱང་ཆུབ་ཀྱིས་ སླབ་མིའི་ནང་ ཁྲོམ་ཁར་ ཧེ་མ་ལས་ ཐོག་ཚད་༡ འབད་མི་ སྒྲིང་ཁྱིམ་ཅིག་ རྐྱབ་སྟེ་ཡོད་ཟེར་ཨིནམ་ད་ ཤུལ་ལས་ ཁྲོམ་གྱི་དོན་ལུ་ ས་འཇལ་བའི་སྐབས་ གཞན་གྱི་ཁྱིམ་ཕྱེད་ཀ་ ཁོ་ལུ་ ཚུད་དེ་ཡོདཔ་ལས་ ད་ལྟོའི་སྒྲིང་ཁྱིམ་དེ་ བཤིག་གཏང་ཞིནམ་ལས་ གསརཔ་རྐྱབ་སྟེ་ གླ་ཁར་གཏང་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཚོང་པ་ཚུ་གིས་ སླབ་མིའི་ནང་ ས་ཁོངས་ངོས་འཛིན་འབད་དེ་ ལོ་ལེ་ཤ་ལང་པའི་ཤུལ་ལུ་ ཁྲམ་ཐོབ་ཡོདཔ་ལས་ མགྱོགས་པར་ར་ ས་ཁོངས་གསརཔ་ནང་ སྒྲིང་ཁྱིམ་རྐྱབ་ནིའི་དོན་ལུ་ དྲུང་ཁག་ནང་ གནང་བའི་དོན་ལས་ སྙན་ཞུ་འབད་ནི་ཟེར་ཨིནམ་ད་ ཁྲོམ་གྱི་དཀའ་ངལ་སེལ་དོ་བཟུམ་ མ་འོངས་པ་ འཐུང་ཆུའི་དཀའ་ངལ་ཡང་ སེལ་གནང་བའི་ རེ་བ་ཡོད་ཟེར་ཨིན་པས།
དྲུང་པ་ལམ་དྲག་དབང་འདུས་ཀྱིས་ སླབ་མིའི་ནང་ ཁྲོམ་གྱི་དོན་ལུ་ རྒྱལ་ཡོངས་ས་འཇལ་ལྷན་ཚོགས་ཀྱིས་ ས་ཁོངས་ཞིབ་དཔྱད་འབད་དེ་ སྤྱི་ཟླ་༦ པའི་ཚེས་༣ ལུ་ རང་སོའི་ལག་ཁྲམ་ཚུ་ བགོ་བཀྲམ་འབད་ཡོདཔ་མ་ཚད་ སྤྱི་ཟླ་༧ པའི་ཚེས་༡༡ ལུ་ ཞབས་ཏོག་ལྷན་ཁག་གིས་ དྲུང་ཁག་ཁྲོམ་སྦེ་ གསལ་བསྒྲགས་འབད་ཡི་ཟེར་ཨིན་པས།
དྲུང་པ་གིས་ སླབ་མིའི་ནང་ ཧེ་མར་ ལྷན་ཚོགས་ཀྱིས་ ས་ཆ་དེ་ཚུ་ ལག་ལེན་ཐོབ་དབང་གི་ཐོག་ལས་ སྤྲོད་ནི་སྦེ་ འཆར་གཞི་བརྩམས་ནུག་ཟེར་ཨིན་རུང་ ས་ཆ་དེ་ རང་སྡོད་པའི་རིང་ལུ་ སྤྱོད་ནིའི་ཐོབ་དབང་ཡོདཔ་མ་གཏོགས་ ཨ་ལོ་ཚུ་གི་སྐབས་ལུ་ སྤྱོད་ནིའི་ དབང་ཚད་མེདཔ་ལས་ དྲུང་ཁག་གིས་ ངོས་ལེན་མ་འབད་ཟེར་ཨིན་པས།
དྲུང་པ་གིས་འབད་བ་ཅིན་ ད་ལྟོ་ གཏན་འཇགས་སྦེ་ ཚོང་རྐྱབ་སྡོད་མི་༢༨ དེ་ཅིག་ཡོདཔ་ད་ ཚོང་གི་ཆོག་ཐམ་འཆང་མི་༡༠༠ ལྷགཔ་ཅིག་ ཡོདཔ་བཞིན་དུ་ ས་ཆ་ཨེ་ཀར་༡༦༨ ནང་ སློབ་གྲྭ་དང་ དྲུང་ཁག་ དེ་ལས་ སྨན་ཁང་ལ་སོགས་པ་ཚུ་ཡང་ ཚུད་དེ་ཡོདཔ་ལས་ ཚོང་ཁང་གི་ ས་གོ་༡༡༩ དེ་ཅིག་ལས་བརྒལ་ མེད་ཟེར་ཨིན་པས།
ཚོང་འབྲེལ་གྱི་དོན་ལུ་ སྒྲིང་ཁྱིམ་རྐྱངམ་གཅིག་ རྐྱབ་ནིའི་དོན་ལུ་ ས་ཆ་ཌེ་སི་མཱལ་༥.༥ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ སྡོད་ཁྱིམ་གྱི་དོན་ལས་ ཌེ་སི་མཱལ་༩.༠༧ བགོ་བཀྲམ་འབད་དེ་ཡོདཔ་ད་ ཆུ་གཡུར་བ་དང་ འཁོར་ལམ་ལ་སོགས་པའི་ ས་ཁོངས་བཟོ་བཀོད་ཀྱི་ ས་ཁྲ་ཚུ་ཡང་ བཟོ་ཚར་ཡོདཔ་ལས་ ད་ལྟོ་ མ་དངུལ་ལུ་ བསྒུག་དོ་ཟེར་ཨིན་པས།
དྲུང་པ་གིས་ སླབ་མིའི་ནང་ ཁྲོམ་གྱི་ས་ཁོངས་དེ་ ཧེ་མ་ལས་ གཏན་འཁེལ་བཟོ་ནི་ཨིན་རུང་ ས་ཆའི་སྟབས་མ་བདེཝ་ དུམ་གྲ་ཅིག་ ཐོན་མི་ལུ་བརྟེན་ དུས་ཚོད་འགོར་ཡི་ཟེར་ཨིནམ་ད་ ཚོང་འབྲེལ་གྱི་དོན་ལུ་ སྒྲིང་ཁྱིམ་ཐོག་ཚད་༢ དང་ སྡོད་ཁྱིམ་གྱི་དོན་ལས་ ཐོག་ཚད་༣ ཚུན་ རྐྱབ་ཆོགཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ཁོངས་བཟོ་བཀོད་ནང་ ཚུད་མི་ཚུ་ལུ་ སྒྲིང་ཁྱིམ་རྐྱབ་ནིའི་ གནང་བ་མི་བྱིན་ཟེར་ཨིནམ་ད་ མ་ཚུད་མི་ཚུ་ལུ་ གནང་བ་བྱིན་ནི་ཨིན་རུང་ ད་ལྟོ་ ཚོང་པ་ཚུ་གི་ཁ་ཐུག་ལས་ སྒྲིང་ཁྱིམ་རྐྱབ་ནིའི་ གནང་བ་ལེན་ནིའི་དོན་ལུ་ སྙན་ཞུ་ག་ལས་ཡང་ མ་ལྷོད་ཟེར་ཨིན་པས།
ཇོ་མོ་གཙང་ཁ་དྲུང་ཁག་དེ་ སྤྱི་ལོ་༡༩༦༦ ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ཁྲོམ་དེ་ སྤྱི་ལོ་༡༩༦༠ རེ་གྲངས་ནང་ ཆགས་ཡོད་པའི་གནས་ཚུལ།

ཇོ་མོ་གཙང་ཁ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *