ཇོ་མོ་གཙང་ཁ་ཁྲོམ་དེ་ རྙིང་ཤོས་ཅིག་ཨིན་རུང་ མི་མང་གསང་སྤྱོད་ཅིག་ཡང་མེདཔ་ཨིན་པས།

ཇོ་མོ་གཙང་ཁ་ཁྲོམ་ཁར་ མི་མང་གསང་སྤྱོད་མེད་པའི་ གདོང་ལེན་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ཇོ་མོ་གཙང་ཁ་ཁྲོམ་ཁར་ འགོ་དང་པ་ འགྱོ་མི་ཨིན་པ་ཅིན་ མ་འགྱོ་བའི་ཧེ་མར་ དང་པ་ར་ གཞི་རྟེན་མཐུན་རྐྱེན་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ ཞིབ་འཚོལ་འབད་དགོཔ་དེ་ ཁག་ཆེ་ནི་ཨིན་པས།

གལ་སྲིད་ ཁྲོམ་ཁ་ལུ་ གཞི་རྟེན་མཐུན་རྐྱེན་སྐོར་ལས་ བརྡ་དོན་ག་ནི་ཡང་མེད་པར་ འགྱོ་བའི་མཐའ་མར་ ཆབ་གསང་རེ་ འབད་དགོཔ་འཐོན་པ་ཅིན་ ངོ་ཤེས་མིའི་ ཚོང་ཁང་དང་ ཟ་ཁང་ཡོད་ན་མ་གཏོགས་ དེ་མེན་ ཚལ་མ་ནང་ འགྱོ་དགོཔ་ཨིན་པས།

དེ་ཡང་ ཇོ་མོ་གཙང་ཁ་དྲུང་ཁག་དེ་ རྒེད་འོག་༣ གྱི་ ཚོང་འབྲེལ་འཐབ་སའི་ ཁྲོམ་སྡེ་ལྟེ་བ་ཅིག་ཨིན་རུང་ ད་རེས་ ཁྲོམ་དེ་ནང་ མི་མང་གསང་སྤྱོད་ཅིག་ཡང་མེདཔ་ཨིན་པས།

དེ་འབདཝ་ལས་ ས་གནས་གཞན་ཁ་ལས་ ཇོ་མོ་གཙང་ཁ་ཁྲོམ་ནང་ འོང་མི་ཚུ་ ཆབ་གསང་འབད་བར་ ཟ་ཁང་དང་ ཚོང་ཁང་ ཡང་ཅིན་ ཚལ་མའི་ནང་ འགྱོ་དགོ་པའི་ གདོང་ལེན་ཡོདཔ་ཨིན་པས།

ཇོ་མོ་གཙང་ཁ་ལུ་ གཞུང་འབྲེལ་གྱི་ ལཱ་ཐོན་ཏེ་སོང་མི་ ཞི་གཡོགཔ་པདྨ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲོམ་དེ་ནང་ མི་མང་གསང་སྤྱོད་མེདཔ་ལས་ ཚོང་ཁང་དང་ ཟ་ཁང་ཚུ་ལས་ ག་ནི་ཡང་ མ་ཉོ་བར་ ཁོང་གི་ གསང་སྤྱོད་ལག་ལེན་འཐབ་པར་ འགྱོ་ནི་དེ་ གཡང་ཟཝ་མས་ཟེར་ཨིན་པས།

ས་གནས་གཞན་ཚུ་ལས་ ཇོ་མོ་གཙང་ཁ་ལུ་ འོང་མིའི་ནང་ལས་ དམིགས་བསལ་དུ་ ཨམ་སྲུ་ཚུ་ལུ་ གདོང་ལེན་འདུག་ཟེར་ པདྨ་གིས་ བཤད་པའི་ཁར་ ཁྲོམ་དེ་ནང་གི་ ཚོང་པ་དང་ ཟ་ཁང་གི་ ཇོ་བདག་མང་ཤོས་ཅིག་གིས་ར་ ཁོང་གི་གསང་སྤྱོད་ཚུ་ ལག་ལེན་འཐབ་མི་བཅུག་པས་ཟེར་ཨིན་པས།

ས་གནས་ཀྱི་ མི་ཚུ་གིས་ སླབ་མིའི་ནང་ དྲུང་ཁག་བདག་སྐྱོང་དང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཁྲོམ་ཁར་ མི་མང་གསང་སྤྱོད་ཉུང་ཤོས་༣ དེ་ཅིག་ བཟོ་སྐྲུན་འབད་བ་ཅིན་ དེ་ཁར་འོང་མི་དང་ ཚོང་འབྲེལ་འཐབ་མི་༢ ཆ་ར་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།

ཁྲོམ་ཁར་ཚོང་འབྲེལ་འཐབ་མི་ཚུ་གིས་ སླབ་མིའི་ནང་ མི་མང་གསང་སྤྱོད་ཀྱི་ མཐུན་རྐྱེན་མེད་མི་དེ་གིས་ ཁྲོམ་ལུ་ཡང་ གནོདཔ་མས་ཟེར་ཨིནམ་ད་ ཁྲོམ་ཁ་ལུ་ གསང་སྤྱོད་དེ་ མེད་ཐབས་མེདཔ་ཅིག་ཨིནམ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ གསང་སྤྱོད་ཀྱི་ མཐུན་རྐྱེན་གཞི་བཙུགས་འབད་དགོཔ་འདུག་ཟེར་ བཤདཔ་ཨིན་པས།

ཁོང་གིས་འབད་བ་ཅིན་ ཚོང་མགྲོན་པ་ཚུ་ལུ་ ཨ་རྟག་ར་ གསང་སྤྱོད་ལག་ལེན་འཐབ་ནིའི་དོན་ལུ་ བྱིན་མི་ཚུགས་དོ་ཡོདཔ་ལས་ ཇོ་མོ་གཙང་ཁར་ འོང་མི་ཚུ་ལུ་ཡང་ དཀའ་ངལ་འདུག་ཟེར་ཨིན་པས།

དྲུང་ཁག་བདག་སྐྱོང་གིས་ ཁྲོམ་ཁར་མི་མང་གསང་སྤྱོད་བཟོ་སྐྲུན་འབད་དེ་ ཆབ་གསང་བསྡུསཔ་འབད་མི་ལུ་ འཐུས་དངུལ་ཀྲམ་༥ དང་ ཆབ་གསང་རྒྱས་པ་འབད་མི་ལུ་ དངུལ་ཀྲམ་༡༠ རེ་ ལེན་པ་ཅིན་ དྲུང་ཁག་གི་ འོང་འབབ་བཟོ་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ ཚོང་པ་ཚུ་གིས་ བཤདཔ་ཨིན་པས།

ཇོ་མོ་གཙང་ཁའི་དྲུང་པ་ ལམ་དྲག་དབང་འདུས་ཀྱིས་ སླབ་མིའི་ནང་ མི་མང་གསང་སྤྱོད་ཀྱི་ མཐུན་རྐྱེན་དགོཔ་དེ་ ཁག་ཆེཝ་སྦེ་ཡོད་རུང་ ད་ལྟོའི་ ཁྲོམ་གྱི་འཆར་གཞི་ནང་ གསང་སྤྱོད་བཟོ་སྐྲུན་འབད་ནིའི་ འཆར་གཞི་ག་ནི་ཡང་མེད་ཟེར་ཨིན་པས།

དྲུང་པ་གིས་འབད་བ་ཅིན་ མ་དངུལ་ཐོབ་མ་ཚུགས་པའི་ དཀའ་ངལ་ཡོད་པའི་ཁར་ ཁྲོམ་ཁའི་ས་ཚུ་ཡང་ སྒེར་ས་ཨིནམ་ལས་ མི་མང་གསང་སྤྱོད་བཟོ་སྐྲུན་གྱི་དོན་ལུ་ ས་ཁོངས་ངོས་འཛིན་འབད་འབདཝ་མེད་ཟེར་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ཇོ་མོ་གཙང་ཁ།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *