ཇར་སི་བ་ཨར་རྐུན་ཐོག་བསད་མི་ དོགས་ཅན་ཕོ་སྐྱེས་གཉིས་འཛིན་བཟུང་།

༉ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ སྔགས་སྦིས་ཕུག་ལས་ ཇར་སི་བ་ཅིག་ ཨར་རྐུན་དང་ བསད་མི་ལུ་བརྟེན་ སྐྱེས་ལོ་༤༥ དང་༢༦ ལང་མི་ དོགས་པ་ཅན་ ཕོ་སྐྱེས་༢ འཛིན་བཟུང་འབད་ནུག།
གནད་དོན་སྐོར་ལས་ སྔགས་སྦིས་ཕུག་ལུ་སྡོད་མི་ ནོར་གྱི་ཇོ་བདག་གིས་ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ནོར་དེ་ སྤྱི་ཚེས་༡༣ གྱི་ནུབ་མོར་ ནོར་ཁྱིམ་ནང་ལས་ བྱང་སྟོར་ཤོར་ནུག་ཟེར་ཨིན་པས།
ཇོ་བདག་གིས་ བ་དེ་ འཚོལ་བའི་སྐབས་ སྤྱི་ཟླ་༧ པའི་ཚེས་༡༥ འི་དྲོ་པར་ རོ་ཁྱི་ཅིག་གིས་ ནོར་ཤ་འབག་འགྱོ་སར་ མཐོང་པའི་ཁར་ གསར་སྦིས་ཐང་དང་ སྔགས་སྦིས་ཕུག་གི་བར་ན་ བ་གི་མགུ་ཏོ་དང་ དྲ་དུམ་སྦེ་བཏོགས་མི་ པགས་ཀོ་ཚུ་ མཐོང་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
དེ་ལས་ཚུར་ ཇོ་བདག་གིས་ ས་ཁོངས་དེ་ནང་ ཕར་ཚུར་སོང་སྟེ་ འཚོལ་ཞིབ་འབདཝ་ད་ ནོར་ཤ་ཚུ་ཡང་ ས་གནས་ཀྱི་ མི་ཚུ་ལུ་ བཙོང་ཡོད་པའི་ མངོན་གསལ་བྱུང་ནུག།
ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ དོགས་ཅན་ཕོ་སྐྱེས་༢ ནོར་ཤ་ལྷག་ལུས་ཀེ་ཇི་༢༨ དང་སྦྲགས་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ ཤ་དེ་ཡང་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ བཀོག་བཏང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དོགས་པ་ཅན་གཉིས་ལུ་ ཨར་རྐུན་ནམ་ མ་བྱིན་པ་ལེན་པ་དང་ ནོར་བསད་པའི་ ཉེས་འཛུགས་འབད་འོང་ཟེར་ཨིནམ་ད་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ དོན་ཚན་༢༤༠ པ་དང་འཁྲིལཝ་ད་ གལ་སྲིད་ རྩོད་ཟླ་ཅིག་གིས་ རྒྱུ་དངོས་ཇོ་བདག་གི་ གནང་བ་མེད་པར་ བརྐུ་ནིའི་ཆེད་དུ་དམིགས་པ་ ཡང་ན་ རང་ངམ་མི་གཞན་གྱི་དོན་ལས་ རྒྱུ་དངོས་ཟུར་འཇོག་ སྤྱོད་ནིའི་དོན་ལུ་ མི་ངོམ་གཞན་གྱི་ རྒྱུ་དངོས་འབག་སོང་བ་ ཡང་ན་ སྤོ་བཤུད་འབད་བ་ཅིན་ རྩོད་ཟླ་དེ་ མ་བྱིན་ལེན་པའི་ གནོད་འགེལ་གྱི་ ཉེས་སྐྱོན་ཡིན་པར་ བརྩི་དགོཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ནོར་བསད་མི་ སྙན་ཞུ་ཚུ་ འདས་པའི་ལོ་ཚུ་ནང་ ཐིམ་ཕུ་སྨད་ཝང་དང་ གླིང་བཞི་རྒེད་འོག་ཚུ་ལས་ ལྷོད་ཅི་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *