ཇའི་སྒང་ལུ་སྡོད་མི་ འབྲུག་མི་ཚུ་ལུ་ ཉེན་ སྲུང་འདུག་ག?

༉ འོང་འབབ་ཆུང་རིམ་ནང་འབད་མི་ འབྲུག་མི་སྟོང་ཕྲག་ལས་བཅད་དེ་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ སྡོད་ཁྱིམ་ཁང་གླར་ལེན་ཏེ་ སྡོད་དགོཔ་བྱུང་མི་དེ་ཡང་ ཐབས་རྡུགས་པའི་ གནས་སྟངས་ལུ་བརྟེན་ཨིན་རུང་ ཉེན་སྲུང་རྩ་ལས་མེདཔ་ཨིན་མས།

ཇའི་སྒང་ལུ་སྡོད་མི་ འབྲུག་མི་ཚུ་ ལཱ་འབད་ས་ འབྲུག་པའི་ས་ཁོངས་ནང་ཨིན་རུང་ སྡོད་གནས་ཀྱི་ཐད་ཁར་ ས་མཚམས་ཕྱི་ཁར་ སྡོད་དགོ་པའི་ གནད་དོན་ངོ་མ་ར་ དང་པ་ འོང་འབབ་ཆུང་བའི་ཁར་ གཉིས་པ་ཟེརཝ་ད་ ཕུན་ཚོགས་གླིང་ལུ་ ཁང་གླ་མཐོ་དྲགས་ནི་དེ་གིས་ཨིན་མས།

གཅིག་ལས་བལྟ་བ་ཅིན་ ང་བཅས་རའི་ འབྲུག་པའི་ས་ཁོངས་ནང་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་བྱུང་བའི་ནམ་དུས་ལུ་ ཇའི་སྒང་ལུ་ ཁང་གླ་ཁེ་ཏོག་ཏོ་སྦེ་ཡོད་མི་ སྒྲིང་ཁྱིམ་ཚུ་ནང་ སྡོད་ནི་ཐོབ་མི་དེ་ ལེགས་ཤོམ་ཅིག་ཨིན་རུང་ ཕྱོགས་གཅིག་ལས་ལྟཝ་ད་ མི་འབོར་མང་བའི་ ཁྲོམ་སྡེ་དེ་ནང་ ཨར་རྐུན་ལས་འགོ་བཟུང་སྟེ་ འཕྲོག་བཅོམ་དང་ བརྡབ་གསིག་ དམར་བསད་ལ་སོགས་པའི་ བྱ་ངན་ཚུ་ ཁྱབ་ཆེར་བྱུང་དོ་ཡོདཔ་ལས་ ཉེན་སྲུང་ཐད་ཁར་ རྩ་ལས་ར་ བློ་བདེ་ཏོག་ཏོ་ཅིག་མེདཔ་ཨིན།

དེ་ཡང་ ག་འཆརཔ་ཟེར་བ་ཅིན་ འདས་པའི་ཉིནམ་དག་པ་ཅིག་གི་ཧེ་མར་ ཇའི་སྒང་ལུ་སྡོད་མི་ སྐྱེས་ལོ་༢༢ ལང་མི་ འབྲུག་པའི་ཨམ་སྲུ་ཅིག་ མོ་རའི་ ཨ་ཞེམོ་གི་གདོང་ཁར་ རྒྱ་གར་གྱི་མི་ཁུངས་ ཕོ་སྐྱེས་ཅིག་གིས་ དབང་བཙོང་འདོད་སྤྱོད་འབདཝ་ད་ ཐད་ཀར་དུ་ རྒྱབ་སྐྱོར་འཚོལ་མ་འཐོབ་པར་ ལཱ་ཁག་རྐྱབ་ནུག།

མ་གཞི་ ས་ཁོངས་ནང་ རྒྱ་གར་གྱི་ ཁྲིམས་སྲུང་འགག་པ་ཚུ་ཡོད་དེ་འབད་རུང་ ས་མཚམས་ཕྱི་ཁར་འབད་ནི་དེ་གིས་ ང་བཅས་རའི་ འབྲུག་པའི་ཁྲིམས་སྲུང་འགག་པ་ཚུ་གིས་ ཆ་རོགས་འབད་དོ་བཟུམ་ཅིག་ མི་འོང་ཟེར་མནོཝ་མས།

རྐྱེན་ངན་དེ་ དྲོ་པ་ཁམས་ཅིག་ཁར་བྱུང་བའི་སྐབས་ མ་གཞི་ཁྱིམ་ནང་ ཁོང་ར་མོ་སྤུན་༢ ཆ་ར་ཡོད་དེ་འབད་རུང་ ཕོ་སྐྱེས་དེ་གིས་ སྒོ་བཅག་དཀྲུམས་འབད་ཐོག་ལས་ ཁྱིམ་ནང་འཛུལ་ཏེ་ ཉམས་རྒུད་པའི་ ཨ་ཞེམོ་དེ་ལུ་ གྱི་ཅུང་བཏོན་ཏེ་ འདྲོག་བཅུག་ཞིནམ་ལས་ ནུམོ་དེ་ལུ་ དབང་བཙོང་འདོད་སྤྱོད་འབད་དེ་ བྱོག་ཡར་སོངཔ་ཨིན་མས།

ཉམས་རྒུདཔ་ཨམ་སྲུ་དེ་ གསོ་བའི་བརྟག་དཔྱད་འབད་ཡོདཔ་མ་ཚད་ རྒྱ་གར་ ཨ་ལི་པུར་རྫོང་ཁག་གི་ ཁྲིམས་འདུན་ལུ་ ངག་བརྗོད་བྱིན་ཡོདཔ་ལས་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་འདུག།

ཁོང་མོ་སྤུན་༢ ཆ་ར་ ཕུན་ཚོགས་གླིང་ལུ་ ལཱ་འབད་དོ་ཡོདཔ་ཨིན་རུང་ འོང་འབབ་ཆུང་བའི་ དཀའ་ངལ་ལུ་བརྟེན་ ཐབས་མེད་པར་ ཇའི་སྒང་ལུ་ ཁང་གླ་ཁེ་ཏོག་ཏོ་འབད་མི་ ཁྱིམ་ཅིག་ནང་ སྡོདཔ་ཨིན་མས།

མ་གཞི་ ཇའི་སྒང་ལུ་སྡོད་མི་ འབྲུག་མི་ཚུ་ལུ་ འཕྲལ་འཕྲལ་སྦེ་ར་ དེ་བཟུམ་མའི་ རྐྱེན་ངན་དང་གནོད་འཚེ་ འདྲ་མིན་སྣ་ཚོགས་ བྱུང་དོ་ཡོདཔ་ཨིན་རུང་ ཉེན་སྲུང་གི་རྒྱབ་སྐྱོར་ སྒྲིང་སྒྲི་ཅིག་ འཐོབ་མ་ཚུགས་མི་ལུ་བརྟེན་ གནད་དོན་མང་ཤོས་ར་ སྙན་ཞུ་མ་འབད་བར་ དེ་འཚམས་ཅིག་སྦེ་ བཤོལ་བཞག་དགོཔ་ བྱུངམ་ཨིན་མས།

ཨིན་རུང་ ས་མཚམས་ཕྱི་ཁར་སྡོད་མི་ འབྲུག་མི་ཉམ་ཆུང་ཚུ་གི་ སྡོད་ཁྱིམ་དཀའ་ངལ་ སེལ་ཐབས་འབད་ནིའི་དོན་ལུ་ འདས་པའི་ལོ་ནང་ གཞུང་གིས་ ཕུན་ཚོགས་གླིང་ལུ་ ས་ཆ་ངོས་འཛིན་འབད་དེ་ སྒྲིང་ཁྱིམ་ཚུ་ མ་ལང་ལངམ་སྦེ་ བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོད་མི་དེ་ གང་མགྱོགས་ལག་ལེན་འཐབ་ཚུགས་པ་ཅིན་ དམིགས་བསལ་དུ་ འོང་འབབ་ཆུང་བའི་ འབྲུག་མི་ཚུ་ལུ་ བསམ་གྱིས་མི་ཁྱབ་པའི་ ཕན་རླབས་འབྱུང་ནི་དང་འབྲེལ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་ཡང་ འགྲུབ་ཚུགས།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *