ཇ་པཱན་ལུ་ ལཱ་འབད་བར་འགྱོ་ནིའི་ ལས་རིམ་གཞན་ཅིག་ འགོ་བཙུགས་ཡོདཔ།

༉ ལས་གཡོག་ལྷན་ཁག་གིས་ ད་རུང་ ལས་རིམ་གཞན་ཅིག་ འགོ་བཙུགས་ཡོད་མིའི་ཐོག་ལས་ འབྲུག་པའི་ན་གཞོན་ཚུ་གིས་ ལཱ་གི་སྦྱང་བ་འཐོབ་ནིའི་དོན་ལུ་ ལོ་༥ འི་རིང་ ཇ་པཱན་ལུ་ ལཱ་འབད་ནི་དང་ སྡོད་ནིའི་གོ་སྐབས་ འཐོབ་ཚུགས་ནི་ཨིན་མས།
ལས་རིམ་དེ་ཡང་ ཤེས་ཡོན་སྦྱང་ནི་དང་ འོང་འབབ་བཟོ་ནིའི་ལས་རིམ་ གནས་སྐབས་ཅིག་ མཚམས་འཇོག་འབད་བའི་ཁར་ འབྲེལ་ཡོད་འགོ་དཔོན་ཚུ་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་ནིའི་དོན་ལུ་ བསྐྱལ་ཡོད་པའི་དུས་ཚོད་དང་བསྟུན་ འགོ་བཙུགས་ཡོདཔ་ཨིན་པས།
ད་རེས་ ཤེས་ཡོན་སྦྱང་ནི་དང་ འོང་འབབ་བཟོ་ནིའི་ ལས་རིམ་དང་འབྲེལ་བའི་རྩོད་རྙོགས་ ཁྲིམས་འདུན་ལུ་ཐུག་པའི་ནམ་དུས་ལུ་ ལས་གཡོག་ལྷན་ཁག་གིས་ ན་གཞོན་ཚུ་གི་མཐའ་དོན་ལུ་དམིགས་ཏེ་ འདི་བཟུམ་མའི་ལས་རིམ་ཅིག་ ད་རུང་ འགོ་བཙུགས་ནི་སྦེ་ ཐག་བཅད་གནང་མི་དེ་ ལེགས་ཤོམ་ཅིག་ཨིན་མས།
ཨིན་རུང་ མགུ་རྙོགས་ཅན་གྱི་ ཤེས་ཡོན་སྦྱང་ནི་དང་ འོང་འབབ་བཟོ་ནིའི་ལས་རིམ་ལུ་བརྟེན་ ན་གཞོན་ཚུ་དང་ ཕམ་ཚུ་ནང་འཁོད་ལུ་ དོགས་སྣང་ཤར་དོ་ཡོདཔ་ལས་ འབྲུག་མི་ཚུ་ ཇ་པཱན་ལུ་ ལཱ་འབད་བར་འགྱོ་ནི་ཨིན་ཟེརཝ་ད་ མནོ་བསམ་ཐེབས་ཅིག་སྦེ་ར་ གཏང་དགོཔ་བྱུངམ་ཨིན་མས།
ཇ་པཱན་ལུ་ ན་གཞོན་ལཱ་འབད་མིའི་ དགོས་མཁོ་སྦོམ་ཡོད་མི་དེ་ཡང་ མི་འབོར་མང་ཤོས་ར་ ལོ་ན་རྒས་སོ་ནི་དེ་གིས་ཨིནམ་ད་ ད་ལྟོའི་གནས་སྟངས་ནང་འབད་བ་ཅིན་ ཇ་པཱན་ཚུ་ ལཱ་འབད་མི་ཕྱི་མི་ བརྒྱ་དང་སྟོང་སྦེ་ དགོས་མཁོ་སྦོམ་ཡོདཔ་ལས་ འབྲུག་པའི་ན་གཞོན་ཚུ་གི་དོན་ལུ་ གོ་སྐབས་བཟང་པོ་ཅིག་ཨིན་མི་དེ་ཡང་ ད་རེས་ རྒྱལ་ཁབ་ནང་ ན་གཞོན་ལཱ་གཡོག་མེད་པའི་དཀའ་ངལ་དེ་ སྦོམ་ཤོས་ཅིག་སྦེ་ ཐོན་ནི་དེ་གི་ཨིན།
ན་གཞོན་ཚུ་གིས་ ཕྱིའི་རྒྱལ་ཁབ་ནང་ ལོ་དག་པ་ཅིག་གི་རིང་ རྩ་འགེངས་ཏེ་ ལཱ་འབད་བ་ཅིན་ འོང་འབབ་བཟོ་ཚུགས་པ་གིས་མ་ཚད་ ལོག་རྒྱལ་ཁབ་ནང་འོངམ་ད་ རིག་རྩལ་མ་འདྲཝ་ཚུ་ འབག་འོང་ཚུགས་པའི་ ཁེ་ཕན་འདུག།
མ་གཞི་ འདས་པའི་ལས་རིམ་ཚུ་ལུ་བརྟེན་ མཐར་འཁྱོལ་བྱུང་བའི་ ལོ་རྒྱུས་ཚུ་ཡོད་རུང་ རྩོད་རྙོགས་ཐོན་མི་ལུ་བརྟེན་ སྙན་གྲགས་འཐོན་མ་ཚུགས་པར་ ལུས་སོ་ནུག།
ཤེས་ཡོན་སྦྱང་ནི་དང་ འོང་འབབ་བཟོ་ནིའི་ལས་རིམ་དང་ ལས་རིམ་གཞན་ཚུ་ལུ་བརྟེན་ ཉམས་མྱོང་ཐོབ་ཡོདཔ་ལས་ ད་ལས་ཕར་ དྭངས་གསལ་ཐོག་ལས་ ཕན་ནུས་ཅན་སྦེ་ འགོ་འདྲེན་འཐབ་ཚུགས་ནི་ཨིནམ་མ་ཚད་ ཧེ་མ་བཟུམ་སྦེ་ ལཱ་གཡོག་གི་ལས་རིམ་དེ་ སྲིད་དོན་གྱི་དབང་དུ་ཐལ་ནི་ལས་ འཛེམ་ཚུགས་ནི་ཨིན་མས།
ད་ལྟོའི་ གཡོག་སྦྱང་ལས་རིམ་དེ་ ལས་རིམ་གཞན་དང་ཕྱདཔ་ད་ མ་འདྲཝ་ཅིག་ཨིན་མི་དེ་ཡང་ གཞུང་༢ ཀྱི་བར་ན་ མཐུན་ལམ་ལེགས་ཤོམ་ཡོད་མིའི་ཐོག་ལས་ ཆིངས་ཡིག་བཀོད་ནི་དེ་གིས་ཨིནམ་ད་ གཞུང་གིས་ ལས་རིམ་ཚུ་ནང་ བར་འབྲེལ་འཐབ་པའི་བསྒང་ལས་ ལོག་སྤྱོད་འབད་ནིའི་ ཉེན་ཁ་དེ་ཡང་ ཆུང་སུ་འོང་ནི་ཨིན་མས།
དཔེ་འབད་བ་ཅིན་ ཕྱི་ཁའི་ལཱ་གཡོག་ལས་རིམ་ཐོག་ལས་ དབུས་ཤར་རྒྱལ་ཁབ་ཚུ་ནང་ ལཱ་འབད་བར་སོང་མི་ འབྲུག་མི་ཚུ་གིས་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ དཀའ་ངལ་མེད་པར་ ལཱ་ལེགས་ཤོམ་སྦེ་ འབད་བཞིན་དུ་འདུག།
ཇ་པཱན་གྱི་དོན་ལུ་ ཕྱི་ཁའི་ལྟ་བཤལཔ་མེན་པར་ ལཱ་འབད་མི་དགོ་ནི་དེ་གིས་ འབྲུག་པའི་ ན་གཞོན་ཚུ་དང་ ཕམ་ཚུ་གིས་འབད་རུང་ ད་ལྟོ་ གཡོག་སྦྱང་གི་ གོ་སྐབས་མ་ལེན་པའི་ ཧེ་མ་ལས་ར་ བསམ་ཞིབ་ལེགས་ཤོམ་འབད་དེ་ ཐག་བཅད་པ་ཅིན་ མཐར་འཁྱོལ་འབྱུང་མ་ཚུགས་པའི་ དཔེ་མི་སྲིད།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *