ཇ་པཱན་ལུ་ཡོད་མི་ འབྲུག་མི་ཚུ་ ཉེན་སྲུང་ཐོག་ལུ་ཡོདཔ།

༉ སྤྱི་ཟླ་༡༠ པའི་ཚེས་༡༢ ལུ་ ཇ་པཱན་རྒྱལ་ཁབ་ནང་ ཏའི་ཕུན་ ཧ་གི་བིསི་ཟེར་མི་ རླུང་འཚུབས་འཕུ་ཞིནམ་ལས་ཚུར་ མི་གྲངས་༣༡ ལྷགཔ་ཅིག་ལུ་ ཤི་རྐྱེན་དང་༡༨༠ ལུ་ གནོད་སྐྱོན་བྱུང་ཡོད་རུང་ ཇ་པཱན་ལུ་ཡོད་མི་ འབྲུག་མི་ཕུད་རྡོག་གཅིག་ལུ་ཡང་ གནོད་པ་བྱུང་པའི་ སྙན་ཞུ་མེདཔ་ཨིན་པས།
ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བཤད་མིའི་ནང་ ད་ཚུན་གྱི་བར་ན་ འབྲུག་མི་ག་ལུ་ཡང་ གནོད་སྐྱོན་བྱུང་པའི་ སྙན་ཞུ་མ་ལྷོད་ཟེར་ཨིནམ་ད་ རྒྱ་གར་ནིའུ་ལྡི་ལི་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ ཊོ་ཀི་ཡོ་ལུ་ འབྲུག་གི་དོན་གཅོད་ཡོངས་ཁྱབ་དང་ ཇ་པཱན་གྱི་ ཁྲོམ་སྡེ་གཞན་ཚུ་དང་ དུས་རྒྱུན་དུ་ འབྲེལ་བ་འཐབ་སྟེ་ཡོད་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤགཔ་ཨིན་པས།
དེ་མ་ཚད་ ཕྱི་འབྲེལ་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ ཇ་པཱན་གྱི་ བྱུང་རྐྱེན་གནས་སྟངས་ལུ་ ལྟ་བཀོད་འབད་བཞིན་དུ་ཡོད་ཟེར་ཨིན་པས།
བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ མི་སྡེ་བརྡ་བརྒྱུད་ནང་ རང་བཞིན་གྱི་ རྐྱེན་ངན་ལུ་བརྟེན་ ཉམས་རྒུད་བྱུང་མི་ཚུ་ལུ་ ཐུགས་ཕམ་ཡོད་རུང་ སེམས་སྒྲིང་སྒྲི་སྦེ་ སྡོད་དགོཔ་དང་ ཇ་པཱན་ལུ་སྡོད་མི་ མཉམ་རོགས་ག་རའི་ ཉེན་སྲུང་གི་དོན་ལུ་ ང་བཅས་ཀྱིས་ སྨོན་ལམ་བཏབ་དོ་ཟེར་ བཀོད་གནང་ནུག།
བློན་ཆེན་གྱིས་ གསུངས་མིའི་ནང་ འབྲུག་གི་འགོ་དཔོན་ཚུ་ ཇ་པཱན་ལུ་ཡོད་མི་ འབྲུག་མི་ཚུ་ལུ་ གནོད་ཉེན་འབྱུང་དི་མེདཔ་ ངེས་བརྟན་བཟོ་ཐབས་ལུ་ འབྲེལ་བ་འཐབ་སྟེ་ར་ཡོད་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༤ པའི་ནང་ ཇ་པཱན་ལུ་ ཤེས་ཡོན་སྦྱང་སྟེ་སྡོད་མི་ འབྲུག་མི་༧༠༠ དེ་ཅིག་ཡོདཔ་ཨིན་པས།
ཇ་པཱན་ལུ་ རླུང་འཚུབས་འཕུ་མི་དེ་ འདས་པའི་ལོ་ངོ་བཅུ་ཕྲག་༦ ནང་ རྐྱེན་ངན་ཚབས་ཆེན་ཅིག་ཨིནམ་སྦེ་ ཇ་པཱན་གྱི་ གནམ་གཤིས་བརྟག་དཔྱད་ལས་སྡེ་གིས་ བཀོད་ཡོདཔ་ད་ རླུང་འཚུབས་ལུ་བརྟེན་ ཇ་པཱན་རྒྱལ་ཁབ་ཀྱི་ ས་གནས་མང་ཤོས་ཅིག་ནང་ ཆརཔ་རྐྱབ་སྟེ་ འཁོར་ལམ་དང་ རེ་ལི་ལམ་ཚུ་ མེདཔ་བཏང་ཡོདཔ་མ་ཚད་ ས་གནས་ལེ་ཤ་ཅིག་ནང་ ཆུ་རུད་ཐོན་ཡོདཔ་ལས་ ད་ལྟོ་ གནོད་སྐྱོན་ག་དེམ་ཅིག་རྐྱབ་ཡོདཔ་ཨིན་ན་ ཤེས་རྟོགས་མེདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *